您现在所在的位置: 首页>实践实训>雪之韵
雪之韵

སྤྱིའི་དེབ་གྲངས་དང་པོ།
发表时间: Dec 5, 2019 阅读数:1568【


གངས་ཀྱི་རོལ་དབྱངསསྤྱིའི་དེབ་གྲངས་དང་པོ།


          《雪之韵》第一期



གཙོ་སྒྲུབ།     བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་། 

           རྩོམ་རིག་གསར་རྩོམ་མཐུན་ཚོགས།

གཙོ་སྒྲིག་པ། དཔའ་རྩེ།

རྩོམ་སྒྲིག་པ། བྱ་མདོ་པདྨ་རྒྱལ། སྒ་ནོར་བུ་རྒྱལ། བསོད་ནམས་ཆོས་དར།

主办:藏语言文化学院

           藏语言文学创作协会


           དཀར་ཆག 

            སྙན་ངག

1.ང་ཡི་གངས་ལྗོངས།ཞར་བཀོད་གཉིས།

2.ལམ་གྱི་སྣེ་མོར་ཁྱོད་ ཀྱི་ལན་བུ་བསླེས་པའི་དྲན་པ།

3.ངར་ལྕགས་ཀྱིས་སྙིང་ཚིལ་བཞུ་དུས།

4.དྲན་པ་སྟོན་གྱི་སྡོང་ལོ་བཞིན།

5.སྙིང་ཉེ་མ།  ང་ཡི་ཉལ་ཐའི་མེ་ཏོག་ལགས།

6.སྐྱེ་འཆིའི་དབྱིངས་ལ་ཤར་བའི་རི་མོ།

7.མཚན་ལྗོངས་ཀྱི་ཉིན་ཐོ།

8.སྐྲ་དཀར་གྱི་ཉག་མ་འདི་ཚོད་ཚོད་ལ་སྐྱེ་བ་ཨེ་རེད།

9.ཆར་ཟིམ་ཁྲོད་ཀྱི་ཁྱོད།

10.མཚན་མོའི་ཀློང་ན།

11.ཚངས་དབྱངས་རྒྱ་མཚོ།

12.སྡུག་བསྔལ་ལས་སྒྲོལ་བའི་སྙན་ངག

13.འཇིག་རྟེན་གྱི་ངོ་བོ།སྙན་ཚོམ།

14.གནམ་ས་ཁྲོས་པ།

15.གཙང་པོའི་རླབས།

16.གནའ་བོའི་བརྩེ་གླུ།

     ལྷུག་རྩོམ།

1.ཁེར་རྐྱང་གི་གཞས།

2.རྨི་ལམ།

3.ལཱ་མོན་ཐྲི།

4.ཁེར་ཧྲེང་གི་གཏམ་རྒྱུད་སྨུག་པོ།

5.མཚན་མོའི་ཕུགས་ཀྱི་སེམས་ཚོར།

    ཕྲན་དཔྱད།

1.དཔྱོད་ཤེས་ཀྱི་གསེར་སྡོང་ལ་དུངས་ཞེན་གྱི་གཡུ་ལོ་རྒྱས།

2.ལམ་གྱི་བར་ཐག ཡིད་ཀྱི་ཁ་ཞེང་།

  

 

ང་ཡི་གངས་ལྗོངས།ཞར་བཀོད་གཉིས།

                                                        དཔའ་རྩེ།

 

གཡུ་སྔོན་གྱི་ནམ་མཁར་སྤྲིན་དཀར་གྱི་ཕྲ་རྒྱན་ཡོད་པ་ཁྱེད་ཀྱི་རྨོག་ཞུ་ཡིན

དངུལ་དཀར་གྱི་ཟླ་བར་སྐར་ཚོགས་ཀྱི་དོ་ཤལ་སྤྲས་ཡོད་པ་ཁྱེད་ཀྱི་རྣ་རྒྱན་ཡིན

ཚ་གྲང་དཀའ་སྡུག་གི་དུས་ཀྱི་འགྱུར་བག་ཁྲོད་དུ

གངས་རིའི་རྦ་རླབས་མཁའ་རུ་འཕྱོ་ཞིང

རླབས་ཀྱི་རྩེ་མོ་རེ་ན་ལྷ་ཚོགས་ཀྱི་བསྟི་གནས་ཡོད

ལོ་ངོ་སྟོང་ཕྲག་གི་ཁ་ཆར་བུ་ཡུག་ཁྲོད་དུ

ཁྱེད་ཀྱི་ཞོགས་པ་རེ་རེས་རེ་སྨོན་གྱི་འོད་སྣང་སྤྲོ་བཞིན་ཤར་ལ

ཁྱེད་ཀྱི་ས་སྲོད་དག་གིས་གཟི་བྱིན་གྱི་མཚམས་སྤྲིན་བཀོད་དེ་བཞུད

ཕྱིར་དྲན་གྱི་ཀློང་དུ་གླེགས་བམ་གྱི་མཁར་རྫོང་བརྩིགས་ཡོད་ཅིང

རེ་ལྟོས་ཀྱི་ཁམས་སུ་བཀྲ་ཤིས་པའི་ཁ་བཏགས་སྤུངས་ཡོད

འདི་ནི     ང་ཡི་གངས་ལྗོངས་ཡིན

 

སྲིད་པའི་གངས་རིའི་འདབས་རོལ་ན་དྭངས་གཙང་གི་ཆུ་རྒྱུན་ལྷང་ལྷུང་འབབ

མཐའ་ཡས་པའི་གདོད་མའི་རྩྭ་ཐང་དུ་ནོར་ལུག་གི་ཁྱུ་རྣམས་བག་ཕེབས་རྒྱུ

སྐྱེ་དངོས་ཡོད་ཚད་དད་འདུན་ཁྲོད་འཚར་ལོངས་བྱུང་ཞིང

དཔའ་བོའི་རྟོགས་བརྗོད་ཀྱི་ངར་སྐད་ལ་འཇགས་པ་མེད

རི་བོ་ཁྱེད་ཀྱི་ཆེད་དུ་ལྷིང་ངེར་འགྱིངས་ཤིང

གཙང་བོས་ཁྱེད་ཀྱི་ཆེད་དུ་སྐད་འབོད་སྒྲོག

ས་གཞི་ཁྱེད་ཀྱི་ཆེད་དུ་ཡངས་ཤིང་རྒྱ་ཆེ་ལ

ནམ་མཁའ་ཁྱེད་ཀྱི་ཆེད་དུ་གཡའ་དག

བསླུ་བྲིད་ཀྱིས་ཁ་ཕྱོགས་བསྒྱུར་མི་ནུས་པ་ཁྱེད་ཡིན་ལ

བཙན་ཤེད་ཀྱིས་མགོ་བོ་གནོན་མི་ཐུབ་པའང་ཁྱེད་ཉིད་ལགས

འདི་ནི     ང་ཡི་གངས་ལྗོངས་ཡིན

 

ཡར་ཀླུང་ཁོག་གི་ནས་ཀྱི་སྙེ་མར་གསེར་གྱི་རླབས་རིས་ལྡེམ་ཞིང་འོད་ཀྱི་ཡི་གེ་གསལ

བྱང་ཐང་ཡངས་པོའི་རྐྱང་རྒོད་རྟ་ཁྱུར་འདྲེས་ལ་འབྲོང་རྒོད་ནོར་ཁྱུར་འདྲེས

ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེར

པོ་ཏ་ལའི་སྒེའུ་ཁུང་གིས་ཧྲིག་གེར་བལྟ་བའི་མིག་རྒྱང་ལ་ཟུམ་པ་མེད་ཅིང

བཙན་པོའི་རྡོ་རིང་གི་དམ་ཚིག་བརྟན་ཞིང་རླུང་འཚུབ་ཁྲོད་ཀྲོང་ངེར་འགྱིངས

གནས་འདིའི་མི་ལ་དྲང་བདེན་གྱི་བློ་མིག་རྣོ་ཞིང

གནས་འདིའི་མི་ལ་དགའ་སྡང་གི་དབྱེ་མཚམས་གསལ

དགའ་བའི་ཉི་འོད་དྲོ་ཞིང་འཇམ་ལ་སྡང་བའི་བུ་ཡུག་དྲག་ཅིང་རྒོད

ལོ་རྒྱུས་ཀྱི་ཀློང་དུ་ཕྱི་མིག་བལྟས་ཚེ

ཁྱེད་ནི་གྱད་མི་ཞིག་གི་རྒྱབ་གཟུགས་རེད

སེམས་ཀྱི་ལག་པས་ཡུན་དུ་རེག་ན

ཁྱེད་ཀྱི་སྒལ་ཚིགས་སྲ་ཞིང་མཁྲེགས

ཁྱེད་དང་ཉེ་བར་བཅར་ཐེངས་རེར

ཕ་མེས་ཀྱི་སྙིང་རྩ་ད་དུང་ཡང་དྲག་ཏུ་ལྡིང་བ་ཐོས་ཐུབ་ལ

ཁྱེད་དང་རིང་དུ་གྱེས་ཐེངས་རེར

སྐྱོ་གདུང་གི་མཆི་མ་མིག་ཟུང་ལས་ཆལ་ཆིལ་འབེབས

འདི་ནི     ང་ཡི་གངས་ལྗོངས་ཡིན

2015.4.12

  

     བརྩམས་ཆོས་ཨང་བརྒྱད་བཅུ་བ།

 

གངས་རིའི་ཕ་རོལ་ནི་རྒྱང་ཐག་རིང

གཙང་བོའི་རབ་ཁ་དེའང་གཅོད་པར་དཀའ

ལུས་སེམས་ཉེ་རིང་གི་བར་ཐག་གླེང་ན

སེམས་པའི་ནང་རོལ་དེ་ཧ་ཅང་ཉེ་འདུག

ཉེ་དྲགས་པས་ད་ནི་སྙིང་གི་ཕྱེད་ཀ་ཡིན་འདུག

 

ནམ་རྒྱུན    རེ་ལྟོས་ཀྱི་མིག་ཟུང་རྒྱང་རིང་གི་རི་རྩེར་གཏད་ན

སེམས་ཀྱི་ན་ཟུག་སྨུག་སྤྲིན་བཞིན་འཐིབས

དྲན་པའི་རྒྱུད་སྐུད་ཡང་ཡང་བདུང

དྲན་གདུང་ལྕི་མོ་དབྱངས་སུ་བཀུག་ཚེ

མགྲིན་པ་བརྣངས     མགྲིན་པ་བརྣངས

 

མཚན་མོ་འདིར     ཟླ་བའི་ངོགས་སུ་ས་གཞི་ཐམས་ཅད་སྐྱ་ཐང་ངེར

ཁུ་སིམ་མེར     ལྗོན་པའི་འདབ་ལོ་ས་རུ་ཟགས་པར་ཉན་ཚེ

མི་ཚེ་དགུན་ལ་ཉེ་བའི་སྒྲ་དག་ཐོས

དལ་བུར་རྒྱུ་བའི་སྟོན་རླུང་གི་སྲབ་མཐུག་གཞལ་ན

རྣོ་ལྕགས་སུ་བྱས་པའི་རེ་སྒུག་འོད་དུ་འཚེར

སེམས་ཀྱི་གཅོང་རོང་ངང་གིས་བརྒལ་ཚེ

ཁྱོད་ཀྱི་བྲག་ཅ་སང་སང་གྲག     སང་སང་གྲག

2015.8.30

  

        སེམས་ཀྱི་འཇིག་རྟེན་འགྲིམ་པའི་གཞས།

 

ནམ་མཁའི་ཕ་མཐའ་སེམས་ཀྱིས་མྱོང་དུས

ལྷིང་འཇགས་དང་སྐར་ཚོགས་རུམ་པའི་མཁའ་དབྱིངས་ལས

འདས་བཞུད་ཀྱི་ལོ་ཟླ་དག་ངང་གིས་གསལ     སྨག་མུན་ཁྲོད་འོད་དུ་འཚེར

ཟླ་འོད་ཀྱི་ཚུལ་གྱིས་སེམས་སུ་ལྷུག་ལྷུག་ཟགས

ཤ་ཁྲག་གི་སྒྲོམ་དུ་མ་ཤོང་བའི་རྣམ་ཤེས་དག་ལ་མེ་ཡི་གཤོག་པ་ཐོགས་ཤིང

རྒོད་པོའི་ཟིལ་རྔམ་གྱིས་རྒྱང་རིང་གི་གནས་སུ་འཕུར     དུས་ཀྱི་རོལ་དབྱངས་སུ་དཀྲོལ

ཁུ་སིམ་མེར་སེམས་ཀྱི་འཇིག་རྟེན་ཞིབ་ཏུ་འགྲིམ་དུས     རང་ཉིད་ནི

དབྱར་གྱི་ཚ་གདུག་ཁྲོད     མཐའ་ཡས་པའི་བྱེ་ཐང་དུ

ལྷེམ་ལྷེམ་གྱིས་འཕུར་བའི་ཁེར་རྐྱང་གི་ཕྱེ་ལེབ་ཅིག

དགུན་གྱི་གྲང་རླུང་ཁྲོད     ཁ་བས་བཀླུབས་པའི་ཐང་སྟོང་དུ

གོག་ནུར་གྱིས་བགྲོད་པའི་ཁྱེའུ་དམར་རྗེན་ཞིག

 

དགུན་ཟླ་ཧྲིལ་བོར་ཉི་འོད་ལ་རེ་ཞིང     དབྱར་ཟླ་ཧྲིལ་བོར་སྤྲིན་པར་སྒུག་པའི

ལ་ཁའི་དར་ལྕོག་སྟེང་ཡོད་པ་རེ་ལྟོས་ཀྱི་མིག་ཟུང་ཁྲི་ཕྲག་རེད

ཁ་བའི་མཐུག་ཚད་ལ་གཟིགས་འདུག     མཚམས་སྤྲིན་གྱི་བཀྲག་མདངས་ལ་སྒུག་ཡོད

ལྷིང་འཇགས་ཁྲོད་འགོག་མེད་དུ་བཞུར་འོང་པའི་སེམས་འགྱུ་དག་གིས

རང་ཉིད་ལ་ཐོབ་ཤོར་རེ་དོགས་ཀྱི་དགའ་སྡུག་ཉིན་དང་མཚན་དུ་བརྗོད

རྒྱང་རིང་ན་ཁ་བའི་འདབ་མ་དྭངས་གཙང་གིས་འབབ

རྒྱང་རིང་ན་དུས་བཞིའི་རླུང་བུ་རང་དབང་གིས་རྒྱུ

རྒྱང་རིང་ནི་སེམས་པ་འདིའི་འདས་མ་ད་གསུམ་གྱི་ཁྱིམ་གཞིས་ཡིན་འདུག

 

ནམ་མཁའི་ཕ་མཐའ་ལག་པས་སྟོན་ཐབས་བྲལ་དུས

སེམས་ཀྱིས་མྱོང་བར་བྱ     སེམས་ཀྱི་བཞུད་ལམ་བགས་ཀྱིས་སྙེག

བགྲོད་འོས་པའི་བཞུད་ལམ་དུ་ཆོག་མི་ཆོག་གི་གདམ་ཀ་མེད

སེམས་ཀྱི་རྡོག་ཁྲེས་སུ་སྐྱོ་སྣང་ཤོང་ཚད་ཅིག་ཁུར་ཏེ་ལམ་དུ་བཞུད

ལོ་ངོ་སྟོང་ཕྲག་གི་ཚེ་སྲོག་གི་དབྱངས་རྟ་དང་སྐྱོ་ཡུས་འཐུ་བཞིན

གངས་ཁྲོད་དུ་འཇའ་ཚོན་སྣ་ལྔའི་རྐང་རྗེས་ཡོད་ཆོག་པར་ཞུ

ཚོར་འདུའི་རྒྱུད་སྐུད་ཁེར་རྐྱང་གིས་དཀྲོལ་བཞིན

གཙང་བོའི་རྒྱུན་དུ་སྐར་ཚོགས་སྤུངས་པའི་ཀོ་གྲུ་གཏོང་ཆོག་པར་ཞུ

ས་གཞིའི་མཐུག་ཚད་སེམས་སུ་ཉར་ཆོག་པར་ཞུ

ནམ་མཁའི་རྒྱ་ཁྱོན་གླུ་རུ་ལེན་ཆོག་པར་ཞུ

རྒྱང་རིང་ནི་སེམས་པ་འདིའི་འདས་མ་ད་གསུམ་གྱི་ཁྱིམ་གཞིས་ཡིན་འདུག

2015.8.21

 

    ལམ་གྱི་སྣེ་མོར་ཁྱོད་ཀྱི་ལན་བུ་བསླེས་པའི་དྲན་པ།

                                                      མདོ་སྨད་ཧེ་རུ་ཀ

 

ཞོགས་པ་ནི་ཆུ་འཁྱག་ཟོ་བ་གང་དང་འདྲ་ཞིང

ངའི་རྨི་ལམ་གྱི་གཤོག་པ་བརླན་ཞིང་གྲང་བར་བྱས

དེ་དུས ངས་རླུང་ལྡང་གིན་ཡོད་མེད་ལ་ཚོད་བགམ་བྱས

ཁ་བ་འབབ་ཀྱི་ཡོད་མེད་ལ་དྲན་པ་གླན

དེའི་རྗེས་སུ

ང་སྒྱིད་ལུག་ངང་མལ་ལས་ལངས་པ་ཡིན

 

རྨི་ལམ་གྱི་མཚོ་མོའི་ངོས་སུ་ཉི་འོད་འཕྲོས་འདུག

དེ་ཡི་མཐའ་འཁོར་ལ་ཐ་སྙད་ཀྱི་བྱ་ཁྱུ་ལྷོད་གཡེང་གིས་བབས་འདུག

བསིལ་རླུང་གིས་ལྗོན་ཤིང་གཡོ་ཡི་འདུག

ཁྱོད་ཀྱི་ལན་བུ་སྒུལ་གྱིན་འདུག

བརླན་གཤེར་ཉི་འོད་དང་འདྲེས་ནས་ཁྱོད་ཀྱི་ལུས་དྲི་ཁུར་ཡོང

ལྗོན་པའི་ཚལ་དུ་འཕྲོས

བདག་གི་སྙིང་ལ་སིམ

 

ཡིད་དུ་འོང་བའི་དགོད་སྒྲ་དྭངས་མོའི་ཁྲོད་ན

ཡི་གེ་ཐ་སྙད་རེ་རེའི་འཇམ་མཉེན་གྱི་ལྕེ་ཐོག་ནས་འཁྲོལ་མཉེས་པའི

བརྩེ་གདུང་གི་སྣང་བས

ངའི་རུས་རྐང་ལ་དྲོད་ཁོལ་བསྩལ་བྱུང་བ་དྲན

དྭངས་ཤིང་གསལ་བའི་མིག་ཟུང་གི་རྒྱལ་མོའི་ཀློང་ན

གཏམ་རྒྱུད་དང་འཁྲེང་ཞེན་འདྲེས་མའི་ན་བུན་འཁྲིགས

ནང་སེམས་ཀྱི་འཇིག་རྟེན་ནི་རྒྱང་རིང་ལ་གཏད་པའི་སྒེའུ་ཁུང་སྟེ

ཁྱོད་ཀྱི་གོམ་སྣེར་སྤྲད་པའི་ལམ་བུ་ཡིན

སྣང་བ་ཟ་ཟིར་དཀྲིས་པའི་རོལ་མོ་ཡིན

ལམ་གྱི་ཕ་རོལ་ན་འཚེར་བའི་ཉི་འོད་དྲོན་མོ

ཁྱོད་རང་འཁེན་པའི་ལྗོན་ཤིང་ཡལ་འདབ་ཅན་དེ་ཡིན

 

རྨི་ལམ་གྱིས་བསླེས་པའི་སྐྲའི་ལན་བུ་དེ་དག

རྒྱང་རིང་ལ་འཐེན་པའི་ལམ་ཕྲན་དག་གི་ཁ་ཞེང་དང་འདྲ་ཞིང

སྐྱ་མི་དེ་དག་གིས་སེམས་ཀྱི་ལོག་ཕེབས་སུ་བསྒོམས་མྱོང

བུད་མེད་དེ་དག་གིས་མིག་གི་འཁྲི་ཤིང་དུ་བརྒྱུས་མྱོང

རེ་སྒུག་དང་དུས་ཆད་མཐའ་དག་གི་སྣེ་མོ

ལམ་གྱི་ཕ་མཐར་ཟུག་པའི་ནམ་མཁའི་ཡོལ་བ་སྔོན་པོ་དེ་དང་འདྲ

 

གཙང་ཆབ་ལྷུང་ལྷུང་གིས་འབབ་སྲིད་པའི་རྫ་རི་སྨུག་པོ

ཨ་མའི་དཀྱེལ་ཡངས་ཀྱི་བྲང་ཁོག་ལྟ་བུའི་རྩྭ་ཐང་གི་ཕང་བ

ཁྲག་རྒྱུན་ནི་བཞུར་ནས་ཟད་དུ་མེད་པའི་གསོན་ཤུགས་ཏེ

ལམ་གྱི་ཕ་རོལ་བགྲོད་བྱེད་ཀྱི་ཟམ་པ་དང་མཚུངས

ཁྱོད་ཀྱི་ལན་བུ་སླེ་བྱེད་ཀྱི་ཆབ་རྒྱུན་དང་མཚུངས

 

ཁྱོད་ཀྱིས་ང་ལ་རླུང་གི་ཁ་ཕྱོགས་མ་འདྲི

ངས་ཁྱོད་ཀྱི་སྐྲ་ལོའི་བསུང་ཞིམ་འཁྱུག་པའི་དཔྱིད་ཀ་དྲན་ཡོང

ཁྱོད་ཀྱིས་ང་ལ་ལམ་གྱི་དཀའ་ཚེགས་མ་འདྲི

ངས་ཁྱོད་ཀྱི་ལན་བུ་ལྕུག་ལྕུག་ལྡེམ་པའི་ཞོགས་པ་དེ་དྲན་ཡོང

འདས་དོན་ལ་བཏབ་པའི་ཕྲ་ཚོན་གྱི་རི་མོ་སྣ་ཚོགས

སེམས་ཀྱི་གས་སྲུབ་དག་ནས་ལྗང་མྱུག་བཞིན་འབུས་ཡོང་དུས

ངས་ཁྱོད་རང་དཔྱིད་ཀ་ལ་འཕྱུག་ནས

ཞི་འཇམ་གྱི་བསིལ་ཆར་ལྷུག་ལྷུག་བསྙིལ་ངེས

ངས་ཁྱོད་རང་ཞོགས་པར་འཁྲུལ་ནས

ནང་སེམས་ཀྱི་མུན་པ་རྒྱང་རིང་ལ་སྤྱུགས་ངེས

ངལ་དུབ་དང་རྔུལ་ཆུས་བྲན་པའི་ལམ་གྱི་གཡས་གཡོན་དུ

ཁྱོད་ཀྱི་གྲིབ་རིས་དང་ང་ཡི་དུང་བ་སྦྲེལ་བའི

མཛེས་སྡུག་གི་འཇའ་རིས་གཞུ་མོ་ལྟར་བཀུག་སྟེ

སྦྲ་ཆོན་གྱི་སྒོ་དར་སྟེང་ལ་དུང་སྣང་གིས་བརྟོད་ངེས

 

རྟ་མཆོག་གི་རྨིག་སྒྲ་ས་སྲོད་ལ་འཐིམས་པའི་ཕྱི་རོལ་དུ

ཉི་མས་ལུག་ཁྱུ་ལྷས་འདབས་སུ་བསྐྱིལ་ཡོང

སྒོ་ཁྱིས་རྒྱང་རིང་གི་སྐྱས་ལམ་ལ་ཅེར་ཏེ་ངུ་ཟུག་སློང་གིན་པ་དྲན་གདུང་སྟེ

ཕྱི་རོལ་གྱི་ནམ་ཟླའི་ཁ་དུག་ཁྲོད་ན

ཁྱོད་ཀྱི་ལན་བུའི་སྟེང་ལ་ཁ་བ་འབབ་ཀྱིན་པའི་ཉམས་ང་མཐོང་གིན་པ་འདྲ

དུས་ཚིགས་ཀྱི་མར་ལོ་བསྟུད་མར་ཞུས་ཏེ

ཡིད་དུ་འོང་བའི་རྨི་ལམ་ལ་སྣུམ་ཐིག་ག་ཚོད་བསྒོས་ནའང

ཁྱོད་ཀྱི་འཇམ་མཉེན་གྱི་ལན་བུ་ལྡེམ་ལྡེམ

ངའི་མཐོང་ལམ་ནས་རྒྱང་རིང་ལ་བསྲིངས་པའི་ལམ་གྱི་སྣེ་མཐའ་ཡིན

རྒྱང་ཕྲག་གིས་མི་ཆོད་པའི་རི་རབ་དང་གཙང་བོ

བརྩེ་དུང་གི་ཞབས་རྗེས་བགྲང་གིས་མི་ལངས་ཤིང

དམ་ཚིག་གི་མདུད་པའང་འཁྲོལ་དུ་མེད་པའི

ནམ་མཁའ་དང་ས་གཞི་ནི་ང་དང་ཁྱོད་ཡིན

གངས་རི་དང་རྒྱ་མཚོ་ཡིན

ལམ་གྱི་རྨུ་ཐག་དཀྲི་སའི

ཁྱོད་ཀྱི་གནག་སྣུམ་གྱི་ལན་བུ་ཕྲ་མོ་དེ་ཡིན

 

ཨ་མའི་གཏམ་རྒྱུད་ཀྱི་རྣ་ལོང་ནང་ན

ཁྱོད་ཀྱི་ལན་བུ་ལས་མཛེས་པའི་དཀར་གཙང་གི་ཁ་བ་ཡོད

ཨ་མའི་འོ་དྲེག་གིས་ཟིན་པའི་བཞོ་ལུང་ནང་ན

ཡིག་དྲུག་ལ་གཤོག་པ་ཐོགས་པའི་ལྷ་སྒྲུང་གི་བུ་རམ་ཡོད

དེ་དག་ནི་ལམ་གྱི་སྣེ་མོས་མ་ཟིན་པའི་རྒྱང་རིང་ཡིན

དེ་དག་ནི་མཚར་སྡུག་གི་འོད་མ་ཡལ་བའི་ཞོགས་པ་ཡིན

ཁ་བ་ལྷབ་ལྷུབ་འབབ་པའི་དགུན་གཞུང་གི་དུས་ཚིགས་ཤིག་ཡིན

ཆུ་མོར་འཁྱག་རོམ་གྱི་རྣ་གཤོག་ཐོགས་པའི

ཁེར་རྐྱང་གི་སྨྲེང་བ་རང་གིས་འཐེན་དགོས་པའི་ན་ཟུག་ཅིག་ཡིན

 

ཁྱོད་ཀྱིས་ངའི་ཁྲ་ཆུང་གི་མིག་ཟུང་ལ་ནན་གྱིས་ལྟོས་དང

འདས་དོན་གྱི་སྨྲེང་བ་འཁྲིགས་ཀྱིན་པ་མཐོང་བྱུང་ངམ

སྐྱོ་ཤས་ཀྱི་དགུན་ལྗོངས་ཟད་ལ་ཉེ་བ་ཞིག

སྲོད་ཁའི་གྲིབ་ཆེན་གྱིས་བཀུག་ནས

རྒྱང་རིང་གི་དཔྱིད་ཀའི་ཕྱོགས་སུ་འཐེན་པའི་ལམ་བུ་མཐོང་ཨེ་བྱུང

ངས་ཁྱོད་རང་དཔྱིད་ཀ་ཞིག་ལ་བློས་བསླངས་མཛད་དེ

གནག་སྣུམ་གྱི་ལན་བུ་ཉི་མའི་འོག་ཏུ་སྦས་དགོས་པའང

བརྩེ་དུང་གི་འདབ་ལོའི་སྟེང་ལ་སེར་ཐིག་ཕབ་མ་འདོད་པས་ཡིན

གཉོམ་གཅུང་གི་ཡལ་ཕྲན་རླུང་བུས་ལྡག་ཏུ་འཇུག་མ་འདོད་པས་ཡིན

ཡོད་ཚད་བདག་གི་ཉེས་པར་རློམ་དུ་ཆོག

ཐམས་ཅད་ཁྱོད་ཀྱིས་དགེ་བའི་དོན་དུ་བསྔོ་ཆོག

 

འཇིག་རྟེན་ཀྱི་ཚད་ཤིང་མཐའ་དག་ཏུ

དུད་ཁྱིམ་སོ་སོའི་སྒོ་ཁར་བཙུགས་པའི་དར་ཤིང་གི་རིང་ཐུང་བཞིན

གཏན་འཁེལ་དང་རྩིས་གྲངས་མི་ལོན་པས

ངའི་ཡ་ཆུང་གི་ཐ་སྙད་མ་ལུས་བལ་དཀར་གྱི་ཐ་གུ་རུ་བརྒྱུན་ནས

ཁྱོད་ཀྱི་ལན་བུའི་སྣེ་མོར་ཁྲེལ་གཞུང་གིས་གདག་སྲིད

 

དེ་དུས རྨི་ལམ་གྱི་ནང་ལ་ཁ་བ་འབབ་སྲིད

ལམ་ཕྲན་གྱི་ཁ་ཞེང་ཁ་བས་གཡོགས་ངེས་ཤིང

ཁ་བའི་ཁྲོད་ན་བདག་གི་རྐང་རྗེས་ཀྱི་རི་མོ་གསལ་བས

ཁྱོད་ཀྱི་གནག་སྣུམ་གྱི་ལན་བུའི་སྣེ་མོར་ཡང

བདག་གི་ཐ་སྙད་ལ་བརྒྱུས་པའི་བལ་ཐིག་ཤིན་ཏུ་གསལ་ངེས

 

ཞོགས་པ་ནི་ལི་ཐོའི་ངོས་ཀྱི་ཤོག་ལྷེ་གཅིག་སྟེ

ཤོག་ལྷེ་གཅིག་ཕར་ལ་བཀོག་རྗེས

ཤུལ་དུ་སླར་ཡང་དག་གཙང་གི་ཤོག་ལྷེ་གསར་བ་ཞིག་ལྷག་འདུག་པས

ངས་ཁྱོད་ཀྱིས་ཡུན་རིང་མ་བཤིག་པའི་གནག་སྣུམ་གྱི་ལན་བུ་དྲན་བྱུང

རྒྱང་རིང་གི་གནམ་ས་སྦྲེལ་བའི་ཀྱག་ཀྱོག་གི་ལམ་བུ་དྲན་བྱུང

 

མི་ཚེ་ཟེར་བ་ནི་ང་ཡི་ཁ་གཏད་ན་ཁྱོད་ཡོད་ཅིང

བརྩེ་དུང་ཟེར་བ་ནི་ཁྱོད་ཀྱི་རྒྱབ་ལོགས་སུ་ང་རང་འགྲེང་བའི

ཞོགས་པའི་དྭངས་གཙང་ཁྲོད་ཀྱི་ཁྱེའུ་དཀར་པོ་ཞིག་ཡིན

ཡང་ན    ལམ་ལ་ཆས་དུས

ངས་ཁྱོད་ཀྱི་ལན་བུ་བསླེས་པའི་ཞེན་ཆགས་ཀྱི་བཞུད་ལམ་རིང་མོ་དེའོ                                                          

                                                         2015.11.1ཉིན་ལན་གྲུ་ནས།

  

        ངར་ལྕགས་ཀྱིས་སྙིང་ཚིལ་བཞུ་དུས།

             <འཆི་ཐབས་མེད་པའི་ཉིན་ཐོ>ལས་ཁག་བརྒྱད་པ།

                  གདོན་མིག  13ལོའི་དངོས་འཕར་འཛིན་གྲྭ

 

མཚན་མོའི་སྒེའུ་ཁུང་དེ་ལས་བལྟས་ཚེ

ཕོ་ལོ་ཉི་ཤུ་ནི་རས་ཡུག་ནག་པོ་རི་མོ་ཅན་ཞིག་རེད

རྨས་སྐྱོན་ཕོག་པའི་སྐྲ་ལོ་སྐྱ་བོ་སེར་ག་ཅན་ཞིག་རེད

གལ་ཏེ སེམས་ཀྱི་སྙིང་རྩ་ཆད་པ་ཡིན་ན

ཁྱོད་ཀྱི་འཇིག་རྟེན་ལ་ན་ཟུག་གི་སྨུག་པ་དྲག་ཏུ་འཁྲིགས་ངེས

ཁྱོད་ཀྱི་མི་ཚེ་ལ་སྡིག་སྒྲིབ་ཀྱི་ནད་ཡམས་ཁྱབ་ངེས

དུས་དེ་ཙམ་ལ ཁྱོད་ཀྱིས

སྙིང་བོ་མེད་པའི   ཁ་དོག་མེད་པའི མཛེས་སྡུག་མེད་པའི

འཚོ་བ་ཞིག་གི་མཚོ་ངོགས་སུ་རང་ཤི་རྒྱག་ཐུབ

 

རེ་ཆད་ཀྱི་སྒེའུ་ཁུང་དེ་ལས་བལྟས་ཚེ

མེ་ཏོག་ཅིག་ལ་དྲག་ཏུ་དགའ་མྱོང་བའི་ལོ་མ་ནག་པོ་དེ

ལོ་མ་ནག་པོ་སྡུག་བསྔལ་གྱི་མིག་ཟུང་མང་པོ་ཅན་དེ

ནད་ཁྲིའི་སྟེང་དུ་ལྷུང་བའི་ང་རང་ཡིན་ནའང

ཚེ་སྲོག་གི་འབབ་ཚུགས་སུ་དབྱར་ཁ་ཐོན་མ་བྱུང

རེ་སྒུག་གི་ནམ་མཁའ་རུ་ཁ་བ་བབས་མ་བྱུང

 

རབ་རིབ་ཀྱི་ས་སྲོད་ཅིག་ལ་འཛུམ་མདངས་ཤིག་མཐོང་ཡོང་བ

ང་རང་ཤི་རྗེས་ཀྱི་བསྔོ་སྨོན་ཡིན་པ་འདྲ ཡང་ན

དམྱལ་བ་རུ་དཔྱིད་ཀ་བསླེབས་པ་འདྲ

གང་ལྟར    ཡ་ཆུང་གི་སྐར་མ་ས་ལ་འཐོར་སོང

ན་ཚོད་ཀྱི་འཇའ་ཚོན་མཁའ་མཐར་ཡལ་སོང

མིག་ཆུ་རྡོག་གཅིག    མིག་ཆུ་རྡོག་གཉིས    མིག་ཆུ་རྡོག་གསུམ

 

བརྩེ་དུང་ནི་ཕོ་མོའི་སྲོག་གཅོད་རང་རེད

ཚེར་ཕུང་ཞིག་ལ་བྲང་ཁ་གླན་པར་སྣང་བའི

མེ་ལྕེ་ཞིག་ལ་སྙིང་ཚིལ་གཏད་པ་འདྲ་བའི

ཤ་ཁྲག་རུས་གསུམ་མཉམ་དུ་གདུ་བ་ལྟ་བུའི

ཉི་ཤུའི་སྨིན་ཐག་ཆོད་པའི་བརྩེ་དུང་དེ

ཞིམ་མངར་གྱི་གཙང་བོ་ཆེན་པོ་ཞིག་ཡིན་པས

ང་ནི་གཙང་བོ་དེ་ལ་ལྕེབས་པའི་འདས་པོ་ཞིག་ཡིན

2015.4.1དཔེ་མཛོད་ཁང་དུ།

 

           དྲན་པ་སྟོན་གྱི་སྡོང་ལོ་བཞིན།

                       བླ་སྔོན་ཚེ་རིང་བཀྲ་ཤིས།13ལོའི་རྩོམ་རིག་འཛིན་གྲྭ་དང་པོ།

 

ཆང་ཕོར་གྱིས་བཏེགས་པའི་མཚན་མོ་རེ་རེར་ཁ་བ་བབས

རྨི་ལམ་དེའང་གནམ་གཅལ་ལས་དཔྱངས་བའི་གློག་སྒྲོན་དང

གློག་སྒྲོན་འོག་གི་དུ་ཞགས་རེད

 

རྒྱང་རིང་ནས་ཕེབས་པའི་གྲོགས་པོ

ཕྱིར་རྒྱང་རིང་ཞིག་ལ་ལོག་དགོས་ཟེར

ངོ་གདོང་ནག་པོའི་གཏམ་རྒྱུད་ཀྱི་བྱུང་རིམ 

གྲིབ་སོ་བཀུག་མཚམས་ཤིག་ལ་མཇུག་བསྒྲིལ་བས

དུས་བཏབ་སྟེ་སང་ལོར་སླར་ཡང་ཐུག་རྒྱུ་བྱས

སྙིང་ཆུང་ལོ་མ་སྟོན་རླུང་གིས་བསྒུལ་བས

འཇབ་བུར་ཁྱོད་ཀྱི་སྒེའུ་ཁུང་འགྲམ་ལ་ཐོན

མིག་ཟེར་འཕྲད་པའི་བར་སྐབས་ཁོ་ནར་ཡང

འཕྲང་དང་ལ་མོ་གོམ་པས་བཅད

མིག་ཟུང་དགུ་ཚིགས་གཡང་རོང་ནས

ང་ཡི་ཟླ་བ་མོག་པོར་གྱུར

 

ཡང་ཡང་གཏུགས་པའི་ཕོར་བ་རུ

ས་དང་རྡུལ་ལ་འདྲེས་པའི་གཏམ་རྒྱུད་གཡོ

 

དྲན་གདུང་གི་བྱ་ཁྱུ་མཁའ་ལ་འཕུར

མཐའ་མར་གང་ལ་འབབ

ཆང་ཕོར་གྱི་ཕར་སྣེ་དང་ཚུར་སྣེ

གནམ་སྔོན་པོ་ཡུག་གཅིག་ལ་རྟོག་པའི་ལྷ་སྒྲུང

 

ངས་རྩྭ་སྐྱ་འཇག་མ་རླུང་གིས་གཡོ་བ་ཐོས

སྟོན་ཀ་ཞིག་ལ་འབབ་པའི་ཆུ་བོ་དྲན

གཤོག་པ་ཐོགས་པའི་གྲོག་མའང

སེར་པོར་གྱུར་བའི་སྡོང་ལོ་ཞིག

 

རྟ་ཕོ་བརྒྱུགས་པའི་སྤང་ཐང་སད་ཀྱིས་གཡོགས

ང་རང་སོང་བའི་ལམ་བུར་སྡོང་ལོ་འཐོར

གོམ་པ་ཡུན་གྱིས་སྤོས་ཚེ     འུ་གཉིས་ཀྱི་བར་ཐག་རི་ཆུས་ཆོད་པ་ཤེས

 

ང་གང་ནས་ཡོང་བ་མཁྱེན་རུང     ལམ་གང་དུ་འགྲོ་བ་མ་འདྲི

རྨི་ལམ་དེ་གནམ་གཅལ་ལས་དཔྱངས་པའི་གློག་སྒྲོན་དང

ཁྱོད་ཀྱང་སྡོང་ལོའི་ངོས་ཀྱི་རི་མོའོ

 

    སྙིང་ཉེ་མ།  ང་ཡི་ཉལ་ཐའི་མེ་ཏོག་ལགས།

             དབྱངས་འབུམ་ཚེ་རིང་།13ལོའི་དགེ་ཐོན་འཛིན་གྲྭ

 

བཞུར་ནས་འགྲོ་བའི་མི་ཚོགས་འདི་མུན་པས་ཟོས་རྗེས

ནང་མ་སྤྲོ་སྐྱིད་ཁང་གི་གླུ་སྐད་ཀྱང་སྔ་མོ་ནས་འཇགས་ཟིན

བསླུ་བྲིད་ཀྱི་ཉི་འོད་གོས་སུ་གྱོན་པའི་མེ་ཏོག་ལགས

ང་རང་ཁྱེད་ཀྱི་འབྱུང་བཞི་ལ་འཐིམ་པར་གྱུར་ཅིག

ང་རང་ཁྱེད་ཀྱི་དུས་གསུམ་ལ་འཐོར་བར་གྱུར་ཅིག

ཉི་མ་ནུབ་པར་གྱུར་ཅིག    ཟླ་བའང་གཟའ་ཡིས་འཛིན་པར་གྱུར་ཅིག

སྐར་མའི་མིག་ཟུང་ལོང་བར་གྱུར་ཅིག

ཁྱེད་གཅིག་པུ་ལན་གཅིག་འཛུམ་ན

ངས་བསྐལ་བ་སྟོང་ལ་དམྱལ་ཁམས་འགྲིམས་པའི་སྡིག་སྒྲིབ་རུམ་ཆོག

ཚེ་རབས་ཕྲེང་བར་ཟད་པ་མེད་པའི་བུ་ལོན་འཁུར་ཆོག

 

བསྐལ་བའི་མེ་དཔུང་གིས་སྦྱངས་མ་ཐུབ་པའི་ང་ཡི་རེ་སྒུག

བྱང་སྣེ་ནས་ཉིན་ཞག་འགའ་ལ་གཅེར་བུར་འགྲེང་བའི་ང་ཡི་དྲན་གདུང

ཁྱེད་ཉིད་ང་ཡི་མགྲིན་པའི་ཨོལ་སྒོ་ལས་འཛུལ་ཏེང་ཡི་གློ་སྙིང་བྲང་གསུམ་ལ་དཀྲིས་དགུ་བརྒྱབ་པས

ཁྱེད་ཉིད་ང་ཡི་མིད་པའི་ཕྲ་ས་ནས་ཐོན་ཏེང་ཡི་དོན་ལྔ་སྣོད་དྲུག་ལ་ལན་བརྒྱར་བྱབས་ཁྲུས་བྱས་པས

ང་ཡིས་ང་རང་བརྗེད་ཅིང་དེ་རིང་དང་སང་ཉིན་ཡང་བརྗེད་པར་གྱུར

ཨ་ཕའི་སློག་ཧྲུལ་གྱི་ལྷན་པ་བརྗེད་ཅིང་ཨ་མའི་རྒས་གཉེར་གྱི་ཟབ་ཚད་ཀྱང་ཡེ་ནས་བརྗེད

 

ཇི་ལྟར་འབར་ཡང་ཟད་མི་ཤེས་པའི་ཡིག་འབྲུ་ཡི་མེ་ལྕེ

ཀླད་པའི་ཐབ་ཟངས་ན་ལྷོག་ལྷོག་གདུ་བའི་ཆུ་ཚན

སྤྲིན་པ་རལ་རྗེས་ཀྱི་ཉི་འོད

སྣང་བ་འགག་བྱེད་ཀྱི་གླུ་སྐད

ཡན་ལག་ཉིང་ལག་ཀུན་སྦྲིད་པར་གྱུར་རྗེས

དབང་བོའི་ཤེས་པ་དག་ར་རོ་བར་གྱུར་རྗེས

རྨི་ལམ་གྱི་འཕྱོ་གར་ལ་འཁྱུད་པའི་སྣང་ལ་མ་ངེས་པའི

སྨུག་པ་བན་བུན་གསེབ་ཀྱི་བྱེའུ་སྐད་གྱ་གྱུ་ལ་འཐམས་པའི་

མིག་ལ་ཐོགས་ཤིང་ཞེ་ལ་འཁོར་བའི

མུན་པའི་དོང་ན་བཞད་པའི་འདབ་མ་གློ་ཁ

 

 

ང་ཡི་ལང་ཚོ་དང་སྟོབས་འབྱོར་ཡང་ཁྱེད་ལ་འཐིམས་མོད

ཁྱེད་ཀྱི་མཁར་ཆག་དང་གྱང་རོའི་གསེབ་དུ་ང་རང་བདེ་སྐྱིད་ཀྱི་ཉི་མར་ལྡེ

གས་ཆག་ཤོར་བའི་ནམ་མཁའ་འདི་རླུང་གིས་ཁུར་རྗེས

དགུ་ཚིགས་ཀྱི་འདམ་རྫབ་ལ་ལྷུང་བའི་རྒྱུ་སྐར་གྱི་འབུ་སྲིན་འདི་དག

རང་གི་གྲུབ་གཟུགས་ཀྱི་རྗེས་ལ་འབྲངས་ནས་ཕྱིར་ཁྱིམ་ལ་སླེབས་དུས

སྒོ་ཆེན་གྱི་ལྡེ་མིག་ཁྱེད་ཀྱི་མལ་ཁྲིའི་སྟེང་ལུས་སོང

ནང་མཛོད་ཀྱི་རྩིས་ཐོའི་གསང་གྲངས་ཀྱང་ཁྱེད་ཀྱི་གློ་ཁུག་ནང་ལུས་སོང

                                                        2015.11.03

  

        སྐྱེ་འཆིའི་དབྱིངས་ལ་ཤར་བའི་རི་མོ།

                            ཉྭ་སྲིན་པོ། 15ལོའི་རབ་འབྱམས་ཞིབ་འཇུག་སློབ་མ།

 

འགོས་ནད་ཕོག་པའི་མི་དེས

བདག་གི་ཁང་མིག་ཏུ་ཡང་ཡང་གློ་ལུ་བྱས་སོང

ངས་བ་སྤུའི་བུ་ག་རེ་རེར་བཙན་རྫོང་བརྩིགས་ཏེ་ནད་ཡམས་བཀག

ང་ལ་ཉེས་པ་ཡོད་དམ

 

དབུགས་ལྷོད་ཀྱིས་བླངས་ཤིང

ཡང་ལྷོད་ཀྱིས་ཕྱིར་བཏང་སྟེ

སྲོག་གི་ཕྲ་ཕུང་རེ་རེར་ཞིབ་ཏུ་བརྟགས

ང་ལ་འགོས་ནད་ཡོད་དམ

ཡང་ན་ང་ལ་ནད་འགོག་ནུས་སྟོབས་བཙན་ནམ

ཝེ     ཚུར་འཁོར་ནས་གཅིན་པ་མ་གཏོང

ཁྱོད་ཀྱི་གཅིན་པ་འདོད་ཆགས་སོ

ཁྱོད་ཀྱི་གཅིན་པ་ཞེ་སྡང་ངོ

ཁྱོད་ཀྱི་གཅིན་པ་གཏི་མུག་གོ

 

ཁྱོད་རང་གཅིག་པུར་སོང་ནས་ཆང་མཆོད་རོགས

ཁྱོད་རང་གཅིག་པུར་སོང་ནས་ཟས་བཟའ་རོགས

ཁྱོད་རང་གཅིག་པུར་སོང་ནས་ལུས་རྩལ་སྦྱོང་རོགས

བདག་གིས་མེ་ཏོག་ལྡུམ་རར་ཆུ་གཏོར་དགོས

ནད་འབུ་དང་རྩྭ་ཡུག་དག་རེ་རེ་བཞིན་འཐུ་དགོས

 

ནམ་ཞིག་ང་ལ་ཡང་འགོས་ནད་བྱུང་ནས་ཤི་བར་གྱུར་ཚེ

ཁྱོད་ཀྱིས་བདག་གི་བེམ་པོ་བྱ་ལ་མི་གཏོར་རོགས

ཁྱོད་ཀྱིས་བདག་གི་བེམ་པོ་ཆུ་ལ་མི་སྐྱུར་རོགས

ཁྱོད་ཀྱིས་བདག་གི་བེམ་པོ་རླུང་ལ་མི་བཟེད་རོགས

དེ་དུས     ཁྱོད་ཀྱིས་ང་རང་དུམ་བུར་གཏུབ་ནས

བྲིས་མ་ཚར་བའི་སྙན་ངག་དེ་དག་གི་མཇུག་ཏུ་མཐུད་རོགས

 

ནམ་ཞིག་ང་ལ་ཡང་འགོས་ནད་བྱུང་ནས་ཤི་བར་གྱུར་ཚེ

བདག་ལ་འདད་གཏོང་བའི་དགེ་སྨོན་གང་ཡང་མི་དགོས

ཁྱོད་ཀྱིས་བདག་གི་བེམ་པོའི་སྟེང་དུ་ཆང་ཏོག་ཙམ་གཏིག་རོགས

ཁྱོད་ཀྱིས་བདག་གི་སྐྱེ་འཆིའི་ངོས་སུ་སྐྱོ་ངལ་ཞེས་པའི་ཡི་གེ་གང་ཡང་མི་འབྲི་རོགས

བུད་མེད་ཀྱི་ལུས་དྲི་དང་འཇམ་མཉེན་གྱི་བདེ་བ་དེ་དག་ཀྱང

ཁྲུས་སུ་གསོལ་ནས་ཕར་མི་ཕྱགས་རོགས 

                                                     2015.10.25

 

            མཚན་ལྗོངས་ཀྱི་ཉིན་ཐོ།

                             འབལ་མི། 14ལོའི་རྩོམ་རིག་འཛིན་གྲྭ་གཉིས་པ།

 

ང་རང་ཉི་ནུབ་ཀྱི་གྲིབ་སོར་ཁེན་ཏེ་མཚན་མོའི་ཕྱོགས་སུ་བཞུར

ད་ནི་གཏན་ཚིགས་དང་རྨི་ལམ་གང་ལའང་ཞེན་པ་བོར

 

མཐོ་སྒང་གི་གས་སྲུབས་ཀྱིས་ཡིད་ཀྱི་དགའ་བ་དྲངས་ཏེ

བདག་གིས་ཐེ་ཚོམ་མེད་པའི་ཨག་རིང་གཅིག་གི་འོག་ཏུ་གནམ་འོག་བསྡུས

མུན་པར་འབྱར་བའི་སྙིང་ཉེ་བ་དག

རོལ་དབྱངས་དང་བྲོ་གར་གྱི་གསེབ་ལ་ཉུལ

 

དགུན་ཁ་འདིའི་འཁྱག་སིབ་སིབ་ཀྱི་རྫོངས་བས

ཉི་ཟླ་དང་ཕོ་མོ་ལྟ་བུའི་འགྲོ་སྟངས་ལ་ཕམ་ཉེས་བྱུང་དུ་བཅུག

གནའ་བོའི་ཤེས་རིག་དང་སྙན་ཚིག་ཁྲོད

ལྷིང་འཇགས་སུ་གྱུར་བའི་མཚན་མོ་འདི་བསྐུངས

གདོང་བ་ཆ་ཡོད་ཀྱི་མི་དག་དང་འཁྲབ་སྟོན་པ་ཚོ

མཐོ་སྒང་ནས་གྲུ་གུ་ལྟར་རིལ་རིལ་དུ་བསྒྲིལ

 

མཚན་ལྗོངས་འདི་ཉིན་སྲིབ་གཉིས་ལ་བཞུར

ངོ་གདོང་དེ་དཀར་ནག་གཉིས་སུ་མཆེད

 

དུས་རབས་སྟོངས་ཁའི་སྐྱོ་གདུང་ལྟ་བུའི

སྐྲག་སྣང་དང་གྲིབ་མའི་གཡོས་སྦྱོར་དུ

ཟླ་ཚེས་དང་གནམ་གཤིས་མ་འཁྲུལ་བའི་ཐོ་ཡིག་གཅིག་པུ

ཁོ་བོའི་བརྩེ་དུང་གི་དབུགས་རྒྱུན་ལྟར

མཚན་ལྗོངས་འདིའི་ལྟེབ་ཁུག་ན་ལྷེམ་མེར་འཁྱིལ

 

 

     སྐྲ་དཀར་གྱི་ཉག་མ་འདི་ཚོད་ཚོད་ལ་སྐྱེ་བ་ཨེ་རེད།

                            བཻཌཱུརྱ། 15ལོའི་རབ་འབྱམས་ཞིབ་འཇུག་སློབ་མ།

 

སེམས་ལ་ཁ་བ་བབས་པས

སྒྲོན་འོད་ཡང་གྲང་འདར་གྱིས་ལྷེམ་ལྷེམ་འགུལ

ཝུ་ཆང་ལྟ་བུའི་ཚོར་བ་འདིས་ཀྱང་གར་མ་ལྟར་ཆོ་ངེ་འདོན

ཕྱེ་ལེབ་དག་མེ་རུ་མཆོངས་པའི་སྔ་རྗེས་སུ

ངའི་ཚོར་བ་རྨང་ནས་སྦྲིད་དེ

ཁྱེད་ཀྱི་ལག་པར་འཐམ་ནས་འོ་དོད་བོས

ཡིན་ནའང་ཁྱེད་ནི་འཁྱགས་རོམ་ལས་གྲུབ་པའི་མིག་ཟུང་སྟེ

ཕྱིར་མིག་མེད་པའི་གྲིབ་ནག་རིང་པོ་དེའོ

                      A སུ་ཞིག

ཁ་བ་ད་དུང་ཡང་འབབ་བཞིན་འདུག

ངའི་སྐྲ་ལོ་ཕྱེད་ཙམ་དཀར་པོར་གྱུར

ངའི་ལང་ཚོའི་ཁ་དོག་ཀྱང་སྔོ་ནག་ནས་ནག་པོར་གྱུར

སྐབས་འདིར་ང་གང་དུ་ཡང་མེད

ང་ཁྱེད་ཀྱི་མིག་ཀོང་ལ་སིམ་ཡོད

འདར་སིག་སིག་གི་ང

སེམས་པ་མེ་ཐབ་ལ་འཁེན་པའི་ང

གོ་སྐབས་ལ་སྒུག་པའི་ང

ལག་པ་རུམ་ལ་བཅུག་པའི་ང

ཁྱེད་ཀྱི་མཆོད་སྡོང་ལ་བཏགས་ཡོད

ཁྱེད་རང་ཐལ་བ་བཞིན་ཆུ་ལ་བཏབ་ནའང

འབར་ནས་ཟད་སོང་ན་མཛེས་སྡུག་ཅིག་ཏུ་རློམ་ཀྱང་མི་ཆོག་པ་ཅི་ཞིག་ཡོད

ཡིན་ནའང    ཁ་བ་བབས་རྗེས

སྐྲ་ལོ་དཀར་པོར་འགྱུར་མཁན་མང་པོ་ཞིག་ཡེ་ནས་མེད

                         B ཅི་ལྟར

ཀླད་རྩ་མ་སྐམ་པའི་སྔ་རོལ་དུ

ངའི་མཛུབ་མོས་ཁྱེད་ཀྱི་མིག་ནང་དུ་འཛེར་ན

ངའི་འཇིག་རྟེན་ཀྱང་མཚན་མོ་ལྟར་ནག་དུབ་བེར

ཡིན་ནའང་ལང་ཚོ་ནི་འཕྲུལ་སྣང་རིགས་ཤིག་སྟེ

དུས་ཚོད་ཀྱང་བཟི་བར་བྱེད་ལ

འཆི་བའང་གྲོགས་སུ་འབོད

བཟི་ཟིན་པ་དེ་དག་གིས་ཀྱང་ལྕེབ་ཐག་བཙལ

རྣམ་ཤེས་དེ་དག་ཀྱང་རྒས་གཉེར་གྱི་གསེང་དུ་ཡིབས

འཇག་སྐྱ་རླུང་གིས་ཁུར

རྨི་ལམ་ཁྲ་ཡིས་བཟུང

འོན་ཀྱང་ང་ལ་མིག་ཆུ་སྐམ་ཤུལ་ཙམ་ཡང་མེད

ཕ་ཡུལ་ང་དང་རྒྱང་ཐག་གིས་བཀྱེད

བརྩེ་དུང་ང་དང་རྒྱང་ཐག་གིས་བཀྱེད

ཝུ་ཆང་ཧུབ་ཀྱིས་བཏུང

རོལ་མོ་དཀྲོལ

རྡོག་སྣེ་མཁའ་ལ་གཏད

སྐྲ་ལོ་རིང་པོ་དེའང

མུན་པ་གཤག་བྱེད་ཀྱི་རལ་གྲི་ནག་པོ་ཞིག་ཏུ་སྒོམ

ལང་ཚོ་འདིའང་ཁ་བའི་ནང་ཡུན་རིང་སྦངས་པས

ལོ་ངོ་སྟོང་ལ་བསྙལ་བའི་རྒུན་ཆང་འདིས

ངའི་ལང་ཚོའི་སྐྲ་ལོའང་དཀར་སེང་སེང་དུ་བསྒྱུར

                     c གང་ལ

གོམ་ཞེང་ཤེད་ཀྱིས་སྤོས་པས

རང་ཉིད་ཤེལ་སྒོ་ལྟར་འཐོར་ལ་ཁད་ཙམ་དུ

མིག་མདའ་དེ་དག་ཀྱང

འདམ་རྫབ་དེ་དག་ཀྱང

ཕ་རོལ་ནས་ཕ་རོལ་དུ་དེད

རྡོ་ཐེམ་ལྟ་བུའི་དགུ་ཚིགས་ཀྱི་ཀློང་དུ

ངས་རྨི་ལམ་རོག་རོག་གི་རྟ་ཕོར་ཞོན་ནས

རླུང་ལ་བཏབ་པའི་རྨིག་རྗེས་བཙལ

དབྱངས་རྟ་བཙལ

སྐར་མ་རབ་རིབ་ཅིག་ཀྱང་བཙལ

 

སྨ་རར་བྱིལ་བྱིལ་གྱིས

རང་ཉིད་ཀྱི་སྐྲ་ལོ་ལྟ་བུའི་སྨ་ར་དྲན

ལྷོག་ལྷོག་འཕྱུར་བའི་དུ་ཞགས་དྲན

བང་སོ་དྲུས་པའི་གཏམ་རྒྱུད་དག་ཀྱང་དྲན

 

འོན་ཏེ་འཁོར་ལོ་ཆེན་པོ་འདི་འཁོར་བ་དལ་བ་དལ་བུར

སྐྲ་ལོའང་དངུལ་དཀར་གྱི་སྐུད་པ་ཞིག་དང་འདྲ་བར

ད་ནི་གང་ལ་འགྲོ

2015.5.15ཉིན།

 

         ཆར་ཟིམ་ཁྲོད་ཀྱི་ཁྱོད།

                            དུར་སྲི།13ལོའི་དངོས་འཕར་འཛིན་གྲྭ་གསུམ་པ།

 

ཁྱོད་ཀྱི་སྐད་ཆ་ལ་ཚེར་མའི་མེ་ཏོག་སྐྱེས

ཁྱོད་ཀྱི་ལང་ཚོར་སྡུག་པའི་གྲིབ་མ་འཁྱིལ

 

ས་སྲོད་དེར ཁྱོད་རང་མེ་རུ་འབར་སོང་བ

ང་ཡིས་སྒྲུང་གཏམ་ཞིག་བཀླགས་པའི་སྔོན་འགྲོ་ཡིན

 

དཔེ་ཆའི་ངོས་ཀྱི་ཐ་སྙད་དག་དམར་བོ་ཁྲག་ལྟར་གྱུར

ཁྱོད་ཀྱི་གྲིབ་མས་ཁྱོད་རང་ཁུར་ཏེ

རྨི་ལམ་གཞན་ཞིག་གི་ཕ་མཐར་བརྒལ

 

སྐབས་དེར མུན་པས་བརྙན་ཡོལ་བརྒྱབ་ཟིན་མོད

ལྟད་མོ་བ་རྣམས་ད་དུང་ངུ་བཞིན་འདུག

 2015.9.16ལན་གྲུར།   


             མཚན་མོའི་ཀློང་ན།


                        ཐོག 15ལོའི་རབ་འབྱམས་ཞིབ་འཇུག་སློབ་མ།

 

མཚན་མོའི་ཀློང་ན

ང་རང་ཁེར་རྐྱང་གི་མུན་པ་དང་ལྷན་དུ་གསོན་ཏེ

ལྕགས་བཞིན་སྲ་བའི་ཨུ་ཚུགས་དང

དྲིས་ལན་རྙེད་དུ་མེད་པའི་ཐེ་ཚོམ་ཁོ་ན་བཙལ

 

སྐབས་འདིར     དུས་ཚོད་ཀྱི་མདའ་རྩེ་ཆག་སོང

ལམ་འགྲམ་གྱི་གློག་འོད་འོག་ན

གཏམ་རྒྱུད་ཅིག་གི་གསང་བ་དྲག་ཏུ་རྒྱས་པས

རླངས་འཁོར་གྱི་འུར་སྒྲ་གཅིག་པུ

གྲོང་ཁྱེར་གྱི་ལྷིང་འཇགས་ལ་མ་ཤོང

 

ཚེ་སྲོག་གི་རླབས་ཕྲེང་རེ་རེའི་གསེང་དུ

འཁྱག་རོམ་ལྟ་བུའི་དྲན་གདུང་གི་ཡི་གེ་ལྷག

མཚན་མོའི་ཀློང་ན

ང་ཡི་རྨས་ཟིན་པའི་གཤོག་ཟུང་ཕྲ་མོས

འགྲུལ་བཞུད་ཀྱི་ངལ་དུབ་སྲུང་ཞིང་སྐྱོང

 

དབུལ་དྲགས་པའི་མཚན་ལྗོངས་འདི་རུ

ཁྱེད་ཀྱི་ལག་པ་དམར་པོ་མེ་ཡི་ལྷུམས་སུ་ལྷུང་སོང

ནམ་མཁའ་དང་ས་གཞིའི་ངོས་སུ

འགྲེལ་དཀའ་བའི་མིང་ཡིག་རེ་རེ་ནག་པོར་གྱུར

 

མཚན་མོའི་ཀློང་ན

ང་རང་བྱང་དུ་ལྡང་བའི་ལྷགས་རླུང་ལ་སྐྲག་སྟེ

རང་ཉིད་ཀྱི་སྐོམ་གདུང་དང་མིག་ཆུ་ཡོངས་སུ་བརྗེད

2015.11.13ཉིན་གྱི་ཐང་མཁར་དུ།



               ཚངས་དབྱངས་རྒྱ་མཚོ།

                                    དུག་རྒྱལ་བསོད་ནམས་ཆོས་དར།12ལོའི་འཛིན་གྲྭ་གཉིས་པ།

 

ཚངས་དབྱངས་རྒྱ་མཚོ་ཞེས་པའི་གྲྭ་རྐྱང་དེ

མཁའ་དབྱིངས་ན་རང་དབང་གིས་འཕུར་བའི་གླག་རྒོད་ཅིག

གཤོག་པ་ཡ་གཅིག་སྡོམ་ཁྲིམས་ཀྱིས་མནན

གཤོག་པ་ཡ་གཅིག་བརྩེ་དུངས་ཀྱིས་བཀླུབས

 

པོ་ཏ་ལའི་སྒེའུ་ཁུང་ནས་ཕྱི་ལ་ཡང་ཡང་ལྟ་དུས

ལྷ་སའི་བར་སྐོར་གྱི་འདུ་འཛི་མཐོང་མ་བྱུང

མཚན་མོའི་ཟླ་འོད་ལ་ལྐོག་ལྟ་བྱེད་དུས

མ་སྐྱེས་ཨ་མའི་བརྩེ་འཛུམ་ཁྱོད་ཀྱིས་མཐོང་སོང

ཟླ་འོད་ཀྱི་འོག་ནས་ཁྱོད་གཅིག་པུས་མཐོང་སོང

པོ་ཏ་ལའི་ཕྱི་ནང་བར་གསུམ་ན་བཞུགས་པའི་ལྷ་སྐུ་དག

འཇིགས་སྐྲག་གི་རྨི་ལམ་བར་ན་བཙུར་གྱིན་གནས

ཁྱོད་ནི་ཟླ་འོད་འོག་གི་མཛེས་སྡུག་གི་རྒྱལ་སྲས་གཅིག་པུ་དེ་ཡིན

 

དུད་རླངས་འཐིབས་མ་མྱོང་བའི་ལྷ་སའི་ནམ་མཁའ་ན

ཁྱོད་ལ་རེ་བའི་རྣམ་ཤེས་ཚོགས་ཀྱིས་འཚངས་ཀ་རྒྱག་བཞིན་འདུག

ཁྱོད་ཀྱིས་བཟློག་མ་ནུས་པའི་འཛུམ་མདངས་ཁོ་ན་དེ་དྲན་ནས་ཡོད

ལོ་ཟླའི་འཕེལ་འགྲོས་ནི་མགྱོགས་ཤིང་མྱུར

ཁྱོད་ཀྱང་གང་ལ་འགྲོ་དགོས་པའི་བཀའ་ལུང་གནམ་ནས་བབས་མོད

ད་དུང་བྱིས་པ་བཞིན་ནར་མི་སོན་པ་ནི  

ཁྱོད་ཀྱིས་བདམས་པའི་མཛེས་སྡུག་གི་ལམ་བུ་རེད

བསླུ་བྲིད་མིན་ལ་བསླུ་བྲིད་འདྲ་བའི་ཁྱོད་ཀྱི་མི་ཚེ་དེ

སུས་ཀྱང་མ་དྲན་ན་ཆོག

ང་གཅིག་པུས་ཟླ་འོད་འོག་ནས་ཁྱོད་རང་བསྒོམ་པས་ཆོག

ལྷ་ས་ལ་ཁྱོད་རང་མེད་པའི་ལོ་ཟླ་ཡོད་ཆོག་མོད

ངའི་མཚན་ལྗོངས་རེ་རེ་ནས་ཁྱོད་རང་གཏན་ནས་ཡལ་མི་རུང

 

ཁྱོད་ཀྱི་མི་ཚེ་དེ་ཁྱོད་ཀྱི་མཚན་མིང་བཞིན་ཁེར་རྐྱང་ཞིག་མིན་ན

ཁྱོད་ཀྱི་མཚན་མིང་དེ་ད་ལྟ་ཁེར་རྐྱང་གིས་རླུང་ཁར་བཟེད་སྲིད

ཚངས་དབྱངས་རྒྱ་མཚོ་གཏན་དུ་ཁེར་རྐྱང་དུ་གནས་པའི་གྲྭ་རྐྱང་ཞིག་ཡིན

ཚངས་དབྱངས་རྒྱ་མཚོ་གཏན་དུ་ཁེར་རྐྱང་གིས་སྒུག་པའི་མི་རྐྱང་ཞིག་ཡིན

ལྷ་སའི་དུས་གསུམ་ན་ཆོས་སྐད་ལྷང་ལྷང་དུ་གྲག

ཁྱོད་ཀྱི་དུས་གསུམ་ན་ད་དུང་མ་ཎིའི་དབྱངས་རྟ་དེ་དག་ཡོད་དམ

 

བར་སྐོར་གླིང་གི་མི་ཚོགས་ཁྲོད་ནས

ཁྱོད་རང་མགྲོན་པོ་བཞིན་སོང་མྱོང་ཡོད་ན

ལང་ཚོ་རྫོགས་པའི་ཨ་ཅག་ལགས་ཀྱི་སེམས་པའང

ཁྱོད་ཀྱིས་འགྲོ་ཞོར་ལམ་ནས་བརྐུས་མྱོང་ཡོད་སྲིད

 

ཁྲི་ཁ་མཐོན་པོ་དེ་ནས

ཟུར་མིག་གི་མདའ་མོ་མི་ཚོགས་ཁྲོད་ཟུག

ཡར་བལྟ་བར་མ་སྤོབས་པའི་བུ་མོ་དེ་ཚོ

ཁྱོད་ལ་ཟླ་འོད་འོག་ནས་སྐྱོ་སྣང་གནང་པའི་མེ་ཏོག་དེ་ཡིན་སྲིད

 

གང་ཞིག་གི་སེམས་པ་རི་རྩེར་མ་སླེབས་གོང

གཞན་ཞིག་གི་སེམས་པ་མཁའ་ནས་འཕུར་སོང

ལོ་ངོ་སུམ་བརྒྱའི་གོང་གི་ཚངས་དབྱངས་རྒྱ་མཚོ

མི་ལོ་སུམ་བརྒྱའི་རྗེས་ཀྱི་ང་རང་ཡིན་ནམ

  

          སྡུག་བསྔལ་ལས་སྒྲོལ་བའི་སྙན་ངག

                              ཀླུ་རྡོར། 12ལོའི་རྩོམ་རིག་འཛིན་གྲྭ་གཉིས་པ།

 

ལོ་ཡི་གཉའ་ལ་ཟླ་བའི་ཁུར་ཆེན་བབས།།

དུས་ཀྱི་མེ་ཏོག་རེ་རེར་སེར་ཐིག་ལྷུང་།།

ཀྱེ་མ་འདི་སྣང་འཁོར་བའི་ཐང་ཆེན་དུ།།

སེམས་ཉིད་བསླུ་བའི་མཛེས་སྡུག་གང་དུ་བཞུད།།

 

གཏོད་མེད་འཁྱར་བའི་འགྲེང་གཟུགས་ལག་སྟོང་དུ།།

སྲིད་པའི་རི་ལུང་འགྲིམས་པ་ཅི་ཞིག་ཡིན།།

ཇི་ལྟར་རྐང་རྗེས་མག་མོག་དེ་ལྟར་དུ།།

སྐྱ་མོའི་ལམ་མཐའ་རྙེད་ལ་ཀུན་ཀྱང་རྒྱུག །

 

ཁྲུང་ཁྲུང་ལྷོ་ལམ་བགྲོད་ལ་སྡུག་བསྔལ་བྱེད།།

སྐྱེ་ནས་འཆི་བའི་གཤིས་ལ་བསམ་ཤེས་བགྱིད།།

མྱོང་རོལ་སེམས་ཀྱི་གཏད་སོ་འདི་ལྟར་བཞེངས།།

ལྷུན་གྲུབ་གཤིས་ཀྱི་མཁར་རྫོང་དེ་ལྟར་བཤིག།

 

དགའ་བའི་མཆི་མ་སྟོང་གིས་འདོན་པའི་སྒྲ།།

སྡུག་གི་ན་བུན་ཡུན་གྱིས་འཐིབས་པའི་གཟུགས།།

བདེ་བའི་ངོ་བོ་སེམས་ཀྱིས་གྲུབ་ལུགས་འདི།།

མི་བདེའི་ངོ་བོ་གཟུགས་ཀྱིས་འཁྲུལ་ལུགས་འདི།།

 

གཏན་དུ་རྒ་ཤི་མེད་པའི་གྲོང་ཚོ་རུ།།

མི་རྣམས་འཆི་བ་གླེང་ཞིང་རྒ་བ་མོལ།།

སྲིད་གསུམ་ཉི་མ་ནུབ་ཅིང་འཆར་བ་ལ།།

རི་ཆུས་མིག་ཆུ་གཏོང་ཞིང་བསྟོད་གླུ་ལེན།།

 

ནང་གི་འཁྱགས་པ་ཐམས་ཅད་ཅི་ཡི་ཕྱིར།།

དེ་ཡིས་བསྐྱེད་པའི་སེམས་བྱུང་སུ་ཡི་དོན།།

ཤིན་ཏུ་འདོད་པ་དེ་དག་གང་དུ་ཡིབ།།

རབ་ཏུ་སྡང་བ་རྣམས་ནི་ཇི་ལྟར་འོང་།།

 

འཇིག་རྟེན་ཕ་རོལ་མཐོང་བའི་ལ་རྩེ་ན།།

སྙིང་གི་ཕྱེད་ཀ་ཞིག་གིས་ལག་པ་གཡོབ།།

ང་ཡི་རྐང་པ་རི་ཆུ་སྟོང་ཕྲག་ཏུ།།

བརྒལ་ཅིང་ངོ་མཚར་ལྟད་མོར་ཆས་པར་བྱ།།

 

འདི་ནས་མ་ཐེག་པ་རྣམས་དེ་རུ་ཐེག །

འདི་ནས་མ་ཐོབ་པ་རྣམས་དེ་རུ་འཐོབ།།

གཏན་དུ་རྣམ་ཤེས་ཁུར་བའི་རྟ་རྒོད་ཀྱིས།།

སྒྲོག་གི་རྔམ་ཁ་གཏོར་ནས་རང་བཙན་རྩོད།།


              འཇིག་རྟེན་གྱི་ངོ་བོ།སྙན་ཚོམ།

                   སྒ་ནོར་བུ་རྒྱལ། 12ལོའི་དགེ་ཐོན་འཛིན་གྲྭ

 

སོར་མོའི་བར་ནས་བཞུར་བའི་ཉིན་མཚན་གྱི་བྱེ་མ།།

འཁོར་བའི་འདམ་ལ་བསྲེས་ཏེ་མེ་ཏོག་ཅིག་བཞད་སོང་།།

དེ་ཡི་ཁ་དོག་དགའ་སྐྱོ་ཆགས་སྡང་གིས་བརླམས་འདུག།

དེ་ཡི་དྲི་ངད་ཆོས་བརྒྱད་ཉོན་མོངས་ཀྱིས་ཟིན་འདུག།


         ལ་གཞས་ཤིག་ལ་ཉན་པའི་མྱོང་བ་གཤའ་མ།

སེམས་འདི་སྤྲིན་པ་ཡང་མོ་ཞིག་ཏུ་གྱུར།།

བསིལ་རླུང་འཇམ་པོས་ཕུ་ཞིག་བཏབ་པ་འདྲ།།

རི་མགོའི་སྨུག་པའི་གསེང་ན་ཆུ་ཕྲན་འབབ།།

ཁམས་དང་སྣང་བ་ལག་པས་རེག་རྒྱུ་འདུག།

དཀར་དམར་མེ་ཏོག་སྟན་དུ་བྱས་ནས་ནི།།

འཇིག་རྟེན་སྣང་བའི་རི་མོ་ས་ལ་བབས།།

                    སྐྱོ་སྣང་གི་རྔམ་ཁ།

 སེམས་པའི་ཁུང་བུར་སྐྱོ་བའི་རླུང་བུ་ལྡང་།།

ལུས་ཀྱི་བ་སྤུ་རེ་རེ་གྱེན་ལ་གཟེངས།།

སྨྲ་ལྕེ་རྡོ་ལ་འབྱར་ཅིང་འཁྱག་ཤི་ཐེབས།།

ང་ཚོ་རྒུད་པའི་གཡང་ལ་འདི་ནས་ལྷུང་།།                                   

            ང་ནི་སུ་ཡིན་ཨེ་ཤེས།

 ང་ནི་ཞོགས་པ་ནས་ས་སྲོད་བར་གྱི།།

རླུང་བུ་གྲངས་མེད་ཀྱི་གསེང་ན་འཐོར་བའི།།

ལན་ཆགས་སྡུག་བསྔལ་གྱི་ནག་ཉེས་ཕོག་པའི།།

ཁྱོད་ཀྱི་མིག་ལམ་གྱི་རྡུལ་ཕྲན་དེའོ།།

       

           འབྲོག་སྟོང་གི་མགྱོགས་བྲིས།

 རླུང་བུས་རས་གུར་འདབས་ཀར་རྡེག་པ་ན།།

ཉི་མ་མུན་པས་འཆོས་ཏེ་གཡང་ལ་འདྲིལ།།

ཟླ་བ་ཕྱེད་ཀ་ཙམ་ཞིག་གནམ་ལ་དཔྱངས།།

སྐར་མ་མག་མོག་དེ་ཚོ་སྤྲིན་ལ་འབྱར།།

འཇིག་རྟེན་མ་ལུས་སུ་ཡིས་སྐྱོབ་པར་ནུས།།

རང་གི་ས་གཞི་རང་ལ་ག་ནས་དབང་།།

རང་གི་ནམ་མཁའ་འང་རང་ལ་མི་དབང་བ།།

འདི་ཡི་བདག་པོ་འཇིག་རྟེན་བྱེད་པོ་སྟེ།།

སྐྱོ་བའི་འཁུན་སྒྲ་འབྱིན་ཡང་གོ་བ་ཅི།།

                                 

             གནམ་ས་ཁྲོས་པ།

                                 ལྡོང་སྲས་ཨ་བྷེ།14ལོའི་རྩོམ་རིག་ཆེད་སྦྱོང་འཛིན་གྲྭ་དང་པོ།

 

ས་ཡི་རྡུལ་འཚུབ་ཆར་གྱིས་ཟོས་སམ་ཅི།།

སྐྲ་ཡི་ཟིལ་བ་རླུང་གིས་བསྐྱོད་དམ་ཅི།།

ང་ཡི་སེམས་ལ་བྲེལ་བའི་ཤྭ་འོད་རྒྱུག །

 

གནམ་གྱི་སྤྲིན་པ་མེ་རུ་གྱུར་རམ་ཅི།།

ས་ཡི་གཙང་བོ་ཁྲོ་རུ་བརྫུས་སམ་ཅི།།

ང་ཡི་མིག་ལ་འཇིགས་པའི་གླང་སྨྱོན་མཆོང།།

 

ཁ་བའི་འདབ་མ་དག་ཀྱང་ཚ་ལམ་ལམ།།

ཉི་མའི་འོད་ཟེར་དག་ཀྱང་འཁྱག་སིབ་སིབ།།

ང་ཡི་རྣ་བར་དྲག་པོའི་རྔ་སྟོང་ལྡིར།།

 

མདུན་གྱི་པོད་ཆུང་དག་ནི་སྐྱོ་བར་བྱེད།།

ནང་གི་ཡིག་ཆུང་དག་ནི་ངུ་བར་རྩོམ།།

ང་ཡི་སྒོ་གསུམ་གདོན་གྱིས་བརླབས་སམ་ཅི།།

 

རྡོ་བ་རྡོ་བར་འགྱིངས་པའི་ཉམས་ཀྱིས་ཤི།།

ཆུ་བོ་ཆུ་བོར་འགྲན་པའི་ཟོལ་གྱིས་འབྲོ།།

ནམ་མཁའ་ཁྲོས་པའི་ཚུལ་གྱིས་འུར་གྱིས་བརྗོད།།

ས་ཡི་རྡོ་བས་གནམ་ལ་གཅམ་གསག་བྱེད།།

གནམ་གྱི་སྤྲིན་པས་རྡོ་ལ་བཀའ་ལུང་སྩོལ།།

ཡུན་གྱིས་ཡུན་གྱིས་སྤ་དག་ཀོང་བར་འགྱུར།།

2015.11.7 ཉིན་མལ་ཁང་དུ་སྦྱར།

 

  

                     གཙང་པོའི་རླབས།

                                           བྱ་མདོ་པདྨ་རྒྱལ། 12ལོའི་ལོ་ཙཱའི་འཛིན་གྲྭ

 

ཚེ་ཡི་དགའ་སྡུག་རི་མོར་ཕབ་པ་ལ།།

སྣག་ཤོག་གསེང་དུ་ཉུལ་བའི་ཡིག་འབྲུ་དང་།།

ལྷོད་བདེ་ངག་ནས་ཐལ་བའི་སྨྲ་ལྕེ་ཡི།།

དབང་གྱུར་གཤིས་ཀྱི་མྱོང་རྣམས་འཕྲོ་བྱེད་པའི།།

རྨི་ལམ་མོག་པོའི་གསེང་གི་འཛུམ་མདངས་ཡིན།།

 

གདོད་ནས་ཕྱི་རུ་བག་ཙམ་མངོན་ཤར་ཅིང་།།

ཕྱིས་སུ་བཙན་གྱིས་འགའ་ཞིག་བསྐུངས་པ་སྟེ།།

ཐིག་སྐུད་གཅིག་གི་ཤུལ་དུ་བབས་པའི་རིས།།

དྲང་བོ་མ་ཡིན་འཁྱོག་ཅིང་གུག་པ་དེ།།

ཟླ་ཚེས་འདི་ཡི་རྔ་མར་འཐམ་ཞིང་སྐྱོད།།

 

ཁྱོད་ནི་ལྷུན་པོ་ཞིག་གི་དབུ་ཡི་རྩེར།།

ཡུན་གྱིས་མངོན་པའི་ཆུ་འཛིན་དཀར་པོ་ཡིན།།

བལྟས་ཤིང་བལྟས་ཤིང་ཁ་ཐག་རིང་པོ་ན།།

ཆེད་དུ་སུ་ལ་ལན་མང་མ་བོས་ཀྱང་།།

སྒེག་པའི་དཔལ་དེས་གཡབ་མོ་གཏོང་བ་འདྲ།།

 

 

འོན་ཏང་ཐོབ་ཤོར་གྲོག་རོང་མཐའ་མེད་ཀྱི།།

མུན་པ་ནག་པོས་ཅི་ཡང་ཟོས་ཚར་བ།།

ངོ་གདོང་ལ་འབྱར་རྒ་བའི་གཉེར་རིས་ཏེ།།

དམིགས་མེད་བྱེའུས་ནམ་མཐའ་བཅད་ན་ཡང་།།

ཤུལ་ལམ་ཡང་དག་བྲི་ལ་ཐེ་ཚོམ་བཞིན།།

 

ངས་ནི་རྡེའུ་གྲངས་མེད་ཐབས་གཅིག་ཏུ།།

ཉི་མ་འཆར་བའི་གནས་སུ་སྤུངས་པ་དང་།།

དེའི་མཐུས་སྣང་བ་མཉམ་དུ་བཀག་པ་དང་།།

སྡུག་པའི་མཚན་མོ་ཡུན་དུ་བསྲིང་འདོད་ཀྱང་།།

རི་བོའི་རྒྱབ་ཀྱི་མཚན་མོ་དྲན་སླད་ཡིན།།

 

ལག་པས་དེད་ཀྱང་སྲུབས་ནས་འཛུལ་ཅིང་ལྷགས།།

རྣ་བ་བཀབ་ཀྱང་གཞོགས་ནས་འཚང་ཞིང་འོངས།།

མིག་ཟུང་བཙུམས་ཤིང་གཉིད་དུ་ཡུར་རྩོམ་དུས།།

འགྲེལ་བ་དོན་གསལ་མཁོ་མིན་གཟུགས་དང་ནི།།

སྒྲ་འམ་དྲི་འདྲ་རོ་འམ་རེག་བྱ་སྤུངས།།

 

 

                  གནའ་བོའི་བརྩེ་གླུ།

                                གངས་སྙུག

 

སྲོད་ཀྱི་ཉི་ཟེར་བྲག་ལ་འཁོར་བའི་གསང་བའི་སྨྲ་བརྗོད།།

ཞོགས་པའི་སྨུག་ལོང་རི་ལ་འཐམ་པའི་ཞེན་པའི་དམ་འཁྱུད།།

དཀར་ནག་མིག་འབྲས་སུ་ལ་ཤོར་བའི་སྣང་བའི་ཡོ་ལང་།།

མདོར་ན་སེམས་པ་སེམས་ཀྱིས་བསྲོ་བའི་ཐབས་ཤིག་རེད་འདུག།

 

རྟ་ཕོའི་རྨིག་རྗེས་རི་ལ་དཔར་བའི་མགྲོན་པོའི་རྩྭ་ལམ།།

དྲོན་མོའི་ལུང་བར་ཁ་ཆད་བཏབ་པའི་གཞོན་ནུའི་ཐུག་འཕྲད།།

མི་རེའི་སེམས་ལ་མི་རེ་ལྷུང་བའི་ལས་ཀྱི་བསྐོས་ཐང་།།

མདོར་ན་འཇིག་རྟེན་བརྩེ་བས་སྐྱོང་བའི་ཐབས་ཤིག་ཡིན་འདུག།

                                 2014.7.8ཉིན།

 

  

ཁེར་རྐྱང་གི་གཞས།

             ཡང་ན། མཚན་མོ་གླེང་བ།

མགར་ཁྲག་སྙུག14ལོའི་དངོས་འཕར་འཛིན་གྲྭ

 

མཚན་མོ་ནི་དཀར་པོ་དཀར་པོ་ཞིག་མ་ཡིན་ལ།ནག་པོ་ནག་རྐྱང་ཞིག་ཀྱང་ཡེ་ནས་མ་ཡིན་པར།དཀར་ནག་གཉི་ཀས་གྲུབ་པའི་བརྩེ་དུང་གི་གཏམ་རྒྱུད་ཅིག

མཚན་མོ་ནི་ཁྱོད་ཀྱིས་དྲན་དྲགས་པའི་རྩྭ་ཐང་གཞན་ཞིག་ཡིན་ལ།བྲེལ་འཚུབ་ཀྱིས་རྒྱང་དུ་བཞུད་པའི་སྐར་མདའ་རེ་རེས།ཁྱོད་ཀྱི་ལང་ཚོ་དང་འདྲ་བའི་མེ་ཏོག་གི་བཞད་སྟངས་དང་ཐོར་ཚུལ་གླེང་།

མཚན་མོ་ནི་རྨི་ལམ་ཆིག་རྐྱང་རྨིས་ཆོག་པའི་ལོ་ཟླ་ལྗང་ཁུ་ཞིག་མ་ཡིན་པར།རང་ཉིད་ཀྱི་རྣམ་ཤེས་ལ་ཚ་འདྲི་དང་སེམས་པར་མནར་གཅོད་གཏོང་བའི་བདེ་ལྡན་གྱི་དུས་ཚིགས་ཤིག   དེ་ནི་ཁྱོད་རང་ཆེས་དགའ་སའི་དུས་ཚིགས་ཀྱང་ཡིན་པ་འདྲ། 

མཚན་མོ་ནི་གངས་རི་དང་སྦྲ་གུར་ཁ་བས་གཡོགས་རྗེས་ཀྱི་མཛེས་ལྗོངས་དེ་མ་ཡིན་པར།ཁ་བར་བསྒུག་པའི་གོ་རིམ་དེ་དང་། ཁ་བ་སེམས་སུ་འབབ་དུས་ཀྱི་ཚོར་བ་དེ་ཁོ་ནའོ།

མཚན་མོ་ནི་ཁེར་རྐྱང་གི་གཞས་གཏོང་སྟངས་ཤིག



རྨི་ལམ།

ཁེར་རྡེའུ། 14ལོའི་དགེ་ཐོན་འཛིན་གྲྭ

 

མུན་རུབ་སོང་། ནམ་རྒྱུན་དང་འདྲ་བར་ཉི་འོད་ཤར་རི་ནས་འཕགས་ཏེ་ནུབ་རི་ནས་ཡལ་སོང་།ཟླ་འོད་མ་ཤར་བའི་ཡར་སྔོན་ཏག་ཏག་ལ།ངས་མགོ་བོ་སྔས་ལ་བསྙེས་ཏེ་རྨི་ལམ་གྱི་འཇིག་རྟེན་ཞིག་ལ་ལོག་འགོ་བརྩམས།སེམས་ཀྱི་སྒེའུ་ཁུང་ལས་ཕྱི་རོལ་གྱི་འདས་སོང་མཐའ་དག་དང་འཇིག་རྟེན་གྱི་ངོ་ལྐོག་མ་ལུས་ལ་འཇབ་རྒོལ་བྱེད་འགོ་བསླངས།མེ་ཏོག་དང་ལྗོན་ཤིང་འཁྲིགས་པའི། སྤྲིན་དཀར་དང་རྒོད་པོ་འདྲེས་པའི། གཉོམ་དུང་དུང་གི།སྙན་ལྷང་ལྷང་གི། རྫི་གླུ་དང་ལུག་ཁྱུ་བསྲེས་པའི། ཐང་ཁ་ཞེང་ཆེ་ལ་མཐོངས་ཡངས་ཤིང་མཐའ་བྲལ་བའི་ཕ་མཐའ་ཞིག་རྨིས་བྱུང་།

སྒོ་ཁྱི་ལ་བོའི་ཟུག་སྐད་དང་རྐྱང་རྒོད་ཕེར་བའི་འཚེར་སྐད་ཞ་བའི་གྲོང་མཐའ་ནས།ཧར་སྒྲ་སྒྲོག་པའི་གཡག་རྒོད་དང་བལ་ལྡན་ཁྱུ་ཡི་འབའ་སྒྲ་དབེན་པའི་གྲོང་མཐའ་ནས། རི་ལུང་ཐང་གསུམ་གྱི་གཙང་ཆུའི་བཞུར་སྒྲ་རྨིས་བྱུང་།དྭངས་གཙང་ཡང་གཙང་གི་མ་ཎིའི་གསུང་དབྱངས་རྨིས་བྱུང་།

གཙང་བོའི་བཞུར་སྒྲ་ལྷུང་ལྷུང་། རྩྭ་ལོའི་འཇམ་ཤ་ནེམ་ནེམ།ས་གཞིའི་གོས་གསར་མནབས་ཤིང་འདབ་ཆགས་ཀྱི་རྨ་གཡང་འཁོར་བའི།སྦྲ་ནག་དང་སྒོ་ཁྱིས་མཚོན་པའི། དར་ལྕོག་དང་ལབ་ཙེས་རྟོགས་པའི་ཐང་ཆེ་ལ་མཐོངས་ཡངས་པའི།འབྱམས་ཀླས་པའི་མི་ཡུལ་གྱི་དག་ཞིང་ཞིག་རྨིས་བྱུང་།

སྦྲ་ནག་གི་སྒོ་དར་བསྐྱོད་ལ་བསེར་མ་དང་ཆར་རླུང་འཚུབ་པའི།ས་མཐོ་ལ་རི་བོ་གཙང་བ། ནགས་སྟུག་ལ་རི་དྭགས་རྒྱུ་བའི།ཡིག་དྲུག་གི་རོལ་དབྱངས་འཕོ་བའི་མཐོ་སྒང་གི་གཞིས་ཁྱིམ་ཞིག་རྨིས་བྱུང་།

མཁའ་ན་རྒྱུ་སྐར་གྱི་མེ་ཏོག་བཀྲ་ལ།ས་ན་རྟ་ནོར་དང་ར་ལུག་གི་སྐར་ཚོམ་ཤར་བའི།རྫི་བོ་དང་ཆུ་ལེན་མའི་འཇོ་སྒེག་གི་ལང་ཚོ་ངོམ་ཞིང་། སྟག་ཤར་དང་སྨན་ཤར་ཚོས་མགོ་དཀྲིས་ལས་བརྩེ་བ་རྙེད་སའི་སྲོལ་རྒྱུན་གྱི་གདོད་གླུ་འཁོལ་བའི་རི་ཀླུང་ཞིག་རྨིས་བྱུང་།

སྨུག་སྤྲིན་དང་ཆར་ཟིམ་ལ་སུན་སྣང་དང་འཁང་ར་མེད་ལ།འབྲུག་སྒྲ་དང་ཐོག་སྐད་ལ་ཨ་མཚར་དང་ཞེད་སྣང་མི་འཛིན་པའི། དཔའ་ཉམས་དང་ཕྱི་ཐག་གིས་བརྒྱན་པའི།གཞུང་དྲང་དང་ལྷད་མེད་ངང་འཚོ་བའི།ལི་ལི་དང་ལ་གཞས་ཀྱིས་གནམ་ས་བརྟོལ་བའི་མི་ཡུལ་གྱི་རྩེད་ར་ཞིག་རྨིས་བྱུང་།

ཤྭ་བ་རྒོ་བར་འདྲེས་ལ་རྒོ་བ་ལུག་ཁྱུར་ལོབས་པའི།འདོ་བ་རྐྱང་ལ་བསྲེས་ཤིང་རྐྱང་དཀར་ལྷས་ལ་གོམས་པའི།སྦྲ་ནག་གི་ཆོན་ཐག་བརྒྱངས་ཤིང་བསང་དུད་ཀྱི་མེ་ལྕེ་འཕྱུར་བའི། མི་ཕྱུགས་དང་ཚེ་སྲོག་འཆམ་མཐུན་ལ་རོལ་བའི་སྤང་ཐང་དང་ན་གཞུང་ཞིག་རྨིས་བྱུང་།

ལྷགས་རླུང་གིས་ཟད་ཅིང་ཉི་དྲོད་ཀྱིས་ལྡག་པའི་དར་ལྕོག་ཅིག་ལ་སླར་ཡང་གསོན་ཤུགས་ཀྱི་བཀྲགས་མདངས་འཚེར་བ་རྨིས།རྡོ་བྱེ་བས་བརྩིགས་ཤིང་རྫས་འབུམ་མཆོད་པའི་ཕུབ་་ལབ་ཙེ་ཞིག་ལ་ཡང་བསྐྱར་གོས་ཆེན་གྱི་ན་བཟའ་བསྐོན་པ་རྨིས།མ་སྲུ་མོས་འཁེལ་ཅིང་སྨན་ཤར་མས་འཐགས་པའི་རེ་ལྡེ་ནག་པོ་སླར་ཡང་གཞིས་ཁྱིམ་དུ་ཕུབ་པ་རྨིས།

མུ་མཐུད་དུ། ཡང་ནས་ཡང་དུ། མུ་ནས་མུ་རུ་རྨིས་བྱུང་སྟེ།སྦྲ་ནག་གི་ཡ་རྒྱུད་ན་ཨ་ཕའི་སྐྱབས་འགྲོའི་གསུང་དབྱངས་དང་ཨ་མའི་མ་ཎིའི་འགུགས་དབྱངས་ཙམ་མ་ཡིན་པར།སྦྲ་ནག་གི་གཡས་གཡོན་ན་བྱིས་པ་རྣམས་ཀྱི་གསལ་བྱེད་ཀྱི་འདོན་དབྱངས་འུ་རུ་རུ།རི་བོའི་བྲག་ཅ་ལ་འཁོར་ཞིང་ཆུ་བོའི་དབྱངས་འགྲོས་དང་བསྟུན་ཏེ་ཕ་མའི་ཁ་ཏོན་གྱི་སྒྲ་དབྱངས་མནན།ཕྱོགས་ཀྱི་འགྲོ་དྲུག་གི་དང་བ་དྲངས་ཏེ།ཕྱོགས་བཞིའི་མཁའ་མཐའ་ནས་འོད་ཟེར་རེ་རེ་བབས་ཤིང་། རིམ་གྱིས་བྱིས་པ་རྣམས་ཀྱི་དབྱངས་བཞིའི་ཚེ་སྲོག་ལ་འཐིམས།མ་ཟད་རི་བོའི་ཁོང་གསེང་ནས་ཀྱང་སུམ་ཅུའི་མེ་ཏོག་འཁྲུངས་ཏེ་རིམ་གྱིས་གསལ་བྱེད་ལ་ག་ལེར་འདྲེས་ཤིང་དབྱངས་གསལ་གཉིས་ལ་འོད་ཟེར་དང་མེ་ཏོག་གི་བཀྲག་མདངས་རྒྱས་པས།བྱིས་པ་དང་དར་མ། རྒན་པ་དང་ལོ་ན་ཆེ་ཆུང་ཅི་རིགས་ཀྱིས་ཡིད་སྨོན་གྱི་འགྲམ་ཆུ་ལྡང་ཞིང་གཅེས་སེམས་ཀྱི་མིག་ཆུ་འཆོར་གྱིན་འདུག་མོད།རང་དབང་དང་ཁྲིམས་སྐྱོང་གི་ཉི་འོད་འོག་ནས་འགྲམ་ཆུ་ལྡང་མཁན་དང་སྲེད་པ་རྒྱས་མཁན་དག་གིས་སྨོན་སེམས་ཀྱིས་ཁ་ལྕེ་བསྲད་རྒྱུ་ལས་མེད་ཕྱིན།ང་སྔར་ལས་ལྡབ་འགྱུར་གྱིས་སྤྲོ་བས་བརྟས་ཤིང་མཆོང་ལྡིང་གི་གར་ལ་རོལ།

༡༠

ཡིན་ནའང་། སྐྱ་རེངས་ཀྱི་ཡོལ་བ་ནི་འཆི་བདག་གི་ཞགས་པ་འདྲ་བར་གློ་རྡེག་ཏུ་ཕྱེས་པ་དང་བསྟུན་གློག་སྒྲོན་ཡང་གསལ་ལེར་བཀར་བས།ང་ཡི་རྨི་ལམ་གྱི་སྒོ་མོ་གཏན་སོང་ལ། ང་ཡི་འཆར་ཡན་གྱི་གཤོག་པའང་བཅགས་སོང་གཤིས།ངས་ཀྱང་ཕངས་སེམས་དང་བཅས་ཏེ་འཐད་ལ་མི་འཐད་ངང་མལ་ལས་ལྡང་ཐབས་བྱས།

                                                                                                                                                                                                          2015/6/13གྱི་མཚན་ལ་བྲིས།

 

                                                                                                                                                                                                        ལཱ་མོན་ཐྲི།

སྙིང་གི་ཕྱེད་ཀར་ཕུལ་བ།

                                                              དུས་སྐོར་སྨན་བླ་ཚེ་རིང་།13ལོའི་འཛིན་གྲྭ་གཉིས་པ།

 

ངས་ཁོ་མོའི་མིང་ལ་ལཱ་མོན་ཐྲི་ཞེས་བཏགས་ཡོད། མིང་འདི་ཕལ་མོ་ཆེས་སྣང་མེད་དུ་འདོར་ལ་དོན་ལོག་ཏུ་ཡང་བསམ་སྲིད། ཡིན་ཡང་། རང་ཉིད་ལ་མཚོན་དོན་བླ་ན་མཐོ་བ་ཞིག་ཡོད། རྒྱུ་མཚན་ཁྱད་དུ་མཚར་བ་ཞིག་ཡོད།  དེ་བས་མིང་འདི་སྤྱད་ཅིང་གོམས་པར་བྱས། ད་ལྟ་གྲོགས་ཚོམས་སུ་མིང་འདི་རྒྱུགས་ཆེ་ཞིང་དེ་ལྟར་འབོད་པར་བྱེད། 

ལཱ་མོན་ཐྲི་ཞེས་པའི་མིང་འདི་ཆེས་ཐོག་མར་ཧྥ་རན་སིའི་རྩོམ་མཁན་གྲགས་ཅན་མ་ཌོ་རཱ་ཟིའི་བརྩམས་སྒྲུང་ཞིག་ལས་བྱུང་། དོན་ནི་མཛའ་ཞིང་བརྩེ་བའི་མི་ཞེས་པ་དང་འདྲ་བོ་འདུག རང་གིས་བརྩམས་སྒྲུང་དེ་ཐེངས་གཅིག་བཀླགས་པས་ཡིད་ཀྱི་བརྟན་པ་ཅིག་ཅར་ཕྲོགས་སོང་། རྩོམ་གྱི་སྒྲིག་གཞི་དང་བསམ་བློའི་དགོངས་པ་ཀུན་ཡིད་ཀྱི་དང་བ་འདྲེན་བྱེད་ཅིག་ཏུ་མཐོང་པ་མ་ཟད་མིང་འདི་ལྷག་པར་སྣང་བའི་ཀློང་ལ་སིམ་ཞིང་དགའ་བོ་ཆགས་སོང་།

རྗེས་ནས་ང་རང་མོ་དང་གཏན་དུ་མཉམ་པོར་གནས་པའི་ལས་སྐལ་ཡོད་སོང་། སྐབས་དེར་བསམ་ཚུལ་ལ་མོར་དགའ་བ་ཐུན་མོང་བ་ཞིག་མིན་པ་མཚོན་ཕྱིར་མིང་གསར་བ་ཞིག་གདགས་དགོས་སྙམ་སྟེ་བསམ་གཞིག་གང་མང་བགྱིས། བློ་རྩེ་རྣལ་དུ་གནས་པར་བྱས། བློ་མིག་བརྡར་བརྡར་མཐར་ལཱ་མོན་ཐྲི་ལས་ལྷག་པའི་མིང་ཞིག་རྙེད་མ་སོང་། ད་ལྟ་བསམ་ན་ང་ལ་ཕལ་ཆེར་མིང་འདི་ལས་ལྷག་པའི་མོས་ཡུལ་གཞན་ཞིག་མེད་པ་འདྲ།

སྤྱིར་སྙིགས་མའི་དུས་འདིར་ཆོས་ཟབ་མོ་ཉག་ཕྲ་ཞིང་འདུ་འཛིའི་ངར་བཙན་པ། མི་དྲང་མོ་ཤིན་ཏུ་དཀོན་པས་དུས་དང་རྣམ་པ་ཀུན་ཏུ་བློ་གཏད་ཆོག་པའི་མི་ཞིག་གང་དུའང་འཚོལ་ཁག་པོ་ཡིན་ནའང་། ཁོ་བོས་མ་འོངས་པར་རང་གི་མི་ཚེ་གཅིག་གི་སྐྱ་ཡར་འགྱུར་ངེས་ཡིན་པའི་ཁོ་མོར་སེམས་པའི་དམར་དམར་བོ་སྟོན་ཕྱིར་མིང་འདི་བཏགས། མིང་འདིས་ངའི་ཡོད་ཚད་མཚོན། བོད་སྐད་ཀྱིས་གོ་བདེར་བཀྲལ་ན་སྙིང་གི་ཕྱེད་ཀ་དང་ཁྱད་པར་ཡེ་ནས་མེད། མི་སོ་སོ་བཤད་མཁས་པོ་ཆགས་ཡོད་དེ་འབྲེལ་བ་རྫུན་མ་འདི་རྒྱུན་སྐྱོང་ཕྱིར། ཁ་ཡག་དང་ངོ་བསྟོད་ཀྱིས་སྒེར་ལ་བསམ་ཞིང་སྒེར་དོན་འབའ་ཞིག་བསྒྲུབས། རང་ཉིད་བོར་བའི་དུས་རིམ་དུ་ཚེ་དུས་རྫོགས་པར་རྒྱུན་འཇགས་སུ་སོང་ཡོད།

རང་ཉིད་ཀྱིས་སྔར་གོམས་ནས་སྲོལ་དུ་ཆགས་པའི་མཁའ་དབུགས་ཁྲོད་ཡོད་ཚད་ལ་གདོང་གཏད་དེ་ཨམ་གཙིགས་བསྡམས་ཤིང་ཨུ་ཚུགས་ཀྱིས་འགྲེང་ཡོད། སྡིགས་དམོད་དང་སྡུག་ཡུས་འཐེན་པར་ཡ་ལན་མ་སྤྲད་པར། ཁེར་རྐྱང་གི་ཚུལ་གྱིས་གནས་ཡོད། རྒྱུ་མཚན་ང་དེ་ལ་རབ་ཏུ་སུན། ཞེ་མེར། དེ་ཙམ་གྱིས་ག་ལ་མགུ། རང་ཉིད་ས་སྒང་འདིར་འཚོ་བའི་དོན་གྱི་སྙིང་བོ་འདི་འདྲའི་ཚུལ་འཆོས་ཤིག་ཡིན་ནམ།

ཁ་ནས་བཤད་པ་ལས་ལག་ཏུ་བསྟར་ན་ལེགས། བཤད་བཤད་ནའང་རློམ་མི་རློམ་ཅི་རིགས་མཆིས། དེ་བས། ཁ་ནས་ཤོར་བར་བདག་པོ་བྱ་བཏུབ་ན། ཁ་བཤད་དོན་དུ་གནས་ཐུབ་ན། ཉམས་ལེན་བྱ་བཏུབ་ན་མི་བཟང་ངམ། བསམ་ཕྱོགས་དེའི་རྗེས་བསྙེགས་ནས་རང་གིས་ཀྱང་ལག་ཏུ་བསྟར་བར་འབད་འབུངས་བྱས་ཡོད། འབྲས་བུ་དོན་སྨིན་འབྱུང་མིན་ཅི་ཆ། གང་ལྟར་རང་ལ་འགྱོད་པའི་སྐབས་ཡོད་མི་སྲིད།

ཁོ་མོར་མཚོན་ནའང་། ངས་རང་གི་དམར་ཆུང་སེམས་པ་འདི་རེད་ཁྱོད་ཀྱིས་ལྟོས་དང་ཟེར་སྲོལ་མེད་པས། དམར་ཆུང་སེམས་པ་སྟོན་ཚུལ་གཞན་ཞིག་ཏུ་བསྒྱུར་ཡོད། ཐབས་ལམ་ཡན་གར་བ་ཞིག་སྤྱད་ཡོད། མིང་འདི་བཀོལ་ནས་སེམས་པ་གླན་པའི་ཐབས་ཤིག་སྤྱད་ཡོད། སྙིང་ཤ་སྦྱོར་ཚུལ་ཐུན་མིན་ཞིག་ཡིན། མིང་འདིར་རང་ཉིད་ཀྱི་བསམ་པ་དང་སྦྱོར་བ་མཐའ་དག་བསྡུས་ཡོད། མིང་འདིས་ཡོད་ཚད་ཀྱི་ཚབ་བྱེད་ཐུབ། མིང་འདི་ནི་ངེད་ཀྱི་འཇིག་རྟེན་གསལ་བར་བྱེད་པའི་འོད་སྣང་ཡིན། མིང་འདི་ཁྱོད་ཡིན་ལ་ང་ཡང་ཡིན།

མདོར་ན་ང་ལ་མིང་འདི་ལས་གཞན་ཞིག་མེད། མི་ཚེའི་དོན་གྱི་སྙིང་བོ་ཡང་མིང་འདི་དང་མ་སྦྱར་ཐུ་མེད་ཡིན། མིང་འདི་མེད་ཚེ། ང་ལའང་སྙིང་བོ་ཟེར་བ་ཞིག་ཡོད་མི་སྲིད།

ཁོ་མོ་མིང་འདི་ལ་དགའ་བའི་སྨོན་ལམ།

 

  

ཁེར་ཧྲེང་གི་གཏམ་རྒྱུད་སྨུག་པོ།

རྣམ་རྒྱལ་མཚོ། 13ལོའི་རྩོམ་རིག་འཛིན་གྲྭ་གཉིས་པ།

 

སྤྱི་ཚོགས་ཀྱི་འདུ་འཛི་རབ་ཏུ་རྒོད་ཅིང་རྙོག་འཛིང་གི་འུར་ཟིང་ཆེ་བའི་དུས་འདིར་ངས་སྨོན་བཞིན་པ་ནི་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ལས་མ་འདས། ཁུ་སིམ་སིམ་གྱི་གྲོང་ཚོ་དང་སྔོ་སང་བསང་གི་ནམ་མཁའ། འཇམ་ནེམ་ནེམ་གྱི་སྤང་ཐང་། ལུག་ཁྱུ་དང་སྤྲིན་དཀར་ཡུག་གཅིག་ཏུ་འདྲེས་པའི་ཕ་ཡུལ་དང་ཕ་ཡུལ་གྱི་ནམ་མཁའ་ནི་ང་རང་ཆེས་དགའ་ཞིང་འཁྲེང་བའི་ཁོར་ཡུག་ཡིན། ང་ནི་འདི་ལྟར་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པའི་མ་ཡུམ་ཞིག་གི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་ཞིང་ཕུ་ནུ་ཚོའི་བརྩེ་བ་མ་དབང་བར་ཁེར་རྐྱང་དུ་ལུས། ཡིན་ནའང་། སྐྱོ་བའི་དབྱངས་རྟ་དང་ལྕི་བའི་ཚིག་དོན་གཉིས་ཀ་གྲོགས་སུ་བསྡོངས་པའི་ལོ་ཟླ་གང་མང་ཞིག་གིས་སེམས་པ་རྨང་ནས་བཞུས་ཤིང་བརྩེ་བ་གཞི་ནས་དོར། མག་མོག་དང་ཚམ་ཚོམ་གྱི་ངང་ནས་ང་ནི་སྔར་བཞིན་འཚོ་བའི་གྲུ་ཟུར་ན་ལངས་མ་འགྱེལ་གྱིས་གསོན་ཡོད་པ་གཞི་ནས་ཚོར། ཁ་མཚར་དང་དགོད་སྒྲའི་ཁྲོད་ནས་ངས་རང་ཉིད་བོར་དང་འབོར་བཞིན་པ་རྟོགས་ཐུབ།   

ངས་ནི་འདི་ལྟར་རླུང་བུ་འགམ་གྱིན་སྔར་བཞིན་རྨི་ལམ་ཞིག་ལ་རེ་ནས་ཟླ་བའི་གྲོང་ཚོ་རུ་སོང་བ་ཐེངས་གཅིག་ག་ལ་ཡིན།  དྲང་མོར་བཤད་ན། ང་ཡིས་རྨི་ལམ་ནི་བདེན་སྣང་གི་མཛེས་སྡུག་ཅིག་དང་ཟླ་འོད་ནི་ཁེར་རྐྱང་གི་མི་ལ་སེམས་གསོ་ནུས་པའི་བྱམས་བརྩེ་ཞིག་ཏུ་ངེས། སྲ་མཁྲེགས་ཀྱི་རང་གཤིས་ལ་གས་ཆག་མ་ཤོར་བའི་ཡར་སྔོན་འདིར།  རང་ཚུགས་གྱོང་བོ་འདི་ཨ་གསར་གྱིས་མ་བརྫུས་པའི་གོང་རོལ་འདིར། དྭངས་གཙང་གི་སེམས་པ་ལ་བཙོག་སྐྱོན་མ་བཟོས་པའི་ཡར་སྔོན་འདིར། སེམས་པ་སེམས་ཀྱིས་འཇལ་བའི་དུས་འདིར། རེ་བའི་མིག་ཟུང་རྒྱང་ལ་གཏད་ནས་ཡིད་ཆེས་ཀྱིས་མདུན་དུ་སྐྱོད་བཞིན་ཡོད། དྲན་པ་ཞིག་ཟིན་ཐོར་འགོད་བཞིན་ན་ཟུག་ཅིག་རུམ་ལ་བཅུག་ནས་དམིགས་པ་གསལ་དགོས། འཇིག་རྟེན་ལག་མཐིལ་ན་ཡོད་ཀྱང་རང་ཉིད་ཁེར་རྐྱང་གི་སྣང་བས་རྒྱང་རིང་རྒྱང་རིང་གི་ཆེས་ཐག་ཉེ་བའི་མི་བུ་ཞིག་ལ་རེ་བས་སྨོན།

རྣམ་པ་དང་མིག་ཆུ་ཡིས་རྔོ་མི་ཐོགས་པ་ངེས་བཞིན་ང་ཚོ་ནར་སོན་ལ། སྐྱོ་བ་དང་སྡུག་ཡུས་རུམ་གང་ཁྱེར་ནས་ང་ཚོ་ནར་སོན། གསོལ་འདེབས་དང་སྨོན་འདུན་ཡིད་ལ་བསྒོམས་ནས་ང་ཚོ་ནར་སོན། ཁ་ཡག་དང་ངོ་བསྟོད་ཁྲོད་ནས་ང་ཚོ་ནར་སོན། རེ་བའི་རི་མོ་དབྱངས་སུ་གྱེར་ནས་ང་ཚོ་ནར་སོན། མདོར་ན་ནར་སོན་པ་ནི་སྡུག་བསྔལ་ཞིག ནར་སོན་པ་ནི་བདེ་སྐྱིད་ཅིག ནར་སོན་པ་ནི་གོ་རིམ་ཞིག བརྗེད་དུ་མེད་པའི་གཏམ་རྒྱུད་རིང་མོ་ཞིག ཡིད་དུ་འོང་བའི་ངོ་མཚར་གྱི་ལོ་རྒྱུས་ཤིག 

གང་ལྟར་ང་ཚོ་འདི་ལྟར་ནར་སོན་དགོས། དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་ཅིག་ཕྲག་ལ་ཁུར་ནས་ནར་སོན་དགོས། སྙིང་སྟོབས་དང་ཡིད་ཆེས་ཀྱི་དཔུང་རྡང་མཉམ་དུ་སྦྲེལ་ནས་ནར་སོན་དགོས། ཡང་གཅིག་བཤད་ན་ང་རང་ཆེས་དགའ་ཞིང་ཆེས་ཉན་སྤྲོ་བའི་ཚིག་གཅིག་སྟེ།མི་ཚོགས་ཀྱི་འདུ་འཛི་རབ་ཏུ་རྒོད་ཅིང་མི་རེ་རེ་ནི་ཁེར་རྐྱང་དང་ཁུ་སིམ་ཡིན་ཞེས་པའི་དཔེ་བཞིན། ང་ཚོ་ཁེར་རྐྱང་གི་ལོ་ཟླའི་ཁྲོད་ནས་ནར་སོན་དགོས། ང་ཚོས་ཁེར་རྐྱང་ལས་རིན་ཐང་ཆེ་ཞིང་ཁེར་རྐྱང་མིན་པའི་གཏམ་རྒྱུད་ཅིག་བྲི་དགོས། ང་ཚོས་ལྗིད་ཏིག་ཏིག་གི་སེམས་ཀྱི་ན་ཟུག་དང་སྐྱོ་ལྷང་ལྷང་གི་དྲན་གདུང་ཡོད་ཚད་གཏམ་རྒྱུད་དེའི་ཁྲོད་བརྗོད་དགོས། ང་ཚོས་སེམས་ཀྱིས་གཅེས་ཤིང་ཚོར་བ་རྣོ་བའི་སྐྱོ་བ་ཡོད་ཚད་དམར་རྗེན་རྗེན་དུ་གཏམ་རྒྱུད་དུ་བྲི་ཆོག དེ་ནི་ད་གཟོད་ཆེས་གཏིང་ཟབ་ཅིང་ཆེས་གོ་རིམ་ཡོད་པའི་བརྩེ་བ་ངོ་མ་ཞིག་ཏུ་རློམ་ཆོག དེ་ནི་ད་གཟོད་ཁྱེད་ཀྱི་ནར་སོན་གྱི་གོ་རིམ་ཡིན། དེ་ནི་ད་གཟོད་ཁྱེད་དང་འཚོ་བའི་བར་ཐག་གིས་མ་ཟིན་པའི་བརྩེ་བ་ངོ་མ་ཡིན།

སྐབས་དང་སྐབས་སུ་ང་ཚོས་འདས་ཟིན་པར་ཕྱིར་དྲན་བྱེད་ཞོར་གཏམ་རྒྱུད་ཅིག་གི་དབུ་ཁྱུད་འབྲི་དགོས། མཚམས་དང་མཚམས་སུ་ང་ཚོས་གཏམ་རྒྱུད་ཅིག་གི་གོ་རིམ་བརྒྱུད་ནས་མ་འོངས་པར་འཆར་གཞི་བཟོ་དགོས། གང་ལྟར་སྐྱིད་ལ་སྡུག་པའི་ནར་སོན་གྱི་གོ་རིམ་ཁྲོད་ནས།  ང་ཚོས་རང་ཉིད་རང་ཉིད་དུ་སྒོམ་ནས་ཚུལ་འཆོས་ཀྱིས་མ་བཟུང་བའི་རང་ཉིད་ངོ་མ་ཞིག་འགྲུབ་ཐུབ་པར་འབད་ན་འགྲིག ཁེར་ཧྲེང་ཧྲེང་གི་འཚོ་བ་སྐྱ་བོར་གདོང་གཏད་ནས་བོར་ཟིན་པའི་རང་ཉིད་འཚོལ་དགོས། རྙོག་འཛིང་དང་བསྐྱར་ཟློས་ཀྱི་འཚོ་བའི་ཀློང་ནས་ད་ལྟའི་རང་ཉིད་འགྲུབ་དགོས། དེ་ནི་ངའི་ཆེས་མཐའ་མཇུག་གི་དམིགས་ཡུལ་ཡིན་ལ་ཁྱེད་ཅག་གི་རེ་སྨོན་ཡིན་ཡང་སྲིད་དོ། །

 

  

མཚན་མོའི་ཕུགས་ཀྱི་སེམས་ཚོར།

ཆས་པ་རྡོ་རྗེ་ཚེ་རིང་། 15ལོའི་དགེ་ཐོན་འཛིན་གྲྭ

 

ཁག་དང་པོ།

མཚན་མོ་འདིའི་ལྷིང་འཇགས་ནི་གནམ་རྒན་མས་ང་གཅིག་པུར་གནང་བའི་ལེགས་སྐྱེས་སུ་འདུག་ལ།ངས་ཀྱང་ལྷིང་འཇགས་འདིའི་གསེབ་ཏུ་ཚོར་བས་ཟིན་ལ་མ་ཟིན་པའི་དབུ་ཁྱུད་ཅིག་བསྐུངས་ཡོད།དབུ་ཁྱུད་འདིའི་སྔ་རོལ་གྱི་དེ་དག་སེམས་ཀྱི་ཕུགས་སུ་ཤོག་ལྷེ་ཐེད་པོ་ཞིག་གི་གསེང་དུ་བཅུག་སྟེ་བཞག་ཡོད།

བྱ་རྒོད་ཀྱི་གཤོག་པ་བརྡར་སའི་སྟོང་ཁམས་འདིར།ངས་ནི་བདག་དང་ཁོ་མོས་ཟིན་པའི་རི་མོ་ཞིག་བྲིས་ཡོད།

སྐབས་འདིར།ལམ་འགྲམ་གྱི་གློག་སྡོང་རེ་རེ་ཡང་ང་དང་འདྲ་བར་མཚན་མོ་འདིའི་ལྷིང་འཇགས་ཁྲོད་དུ་བསྟིམས་ཚར་ལ།བྱེའུ་དེ་དག་ཀྱང་གང་ཞིག་ལ་འཕུར་ཚར་འདུགབདག་གི་དྲན་པ་བསྣམས་པའི་བྱེའུ་དེ་དགགློག་སྐུད་ཀྱི་སྟེང་ནས་ང་ལ་གཞས་ཤིག་འཐེན་རྗེས་གང་ཞིག་ཏུ་ཞོགས་སོང་ཨང་།

ངའི་བྱེའུ།ངའི་བྱེའུའི་དྲུག་འགྱུར།

་་་ ་་་

ཁག་གཉིས་པ།

མཚན་མོ་ནི་ངག་བསྡམས་པའི་བུ་མོ་ཞིག་དང་འདྲ་ལ།སྣ་ཚོགས་འཕྲུལ་གྱི་ལྟད་མོ་དག་མཚན་མོ་འདིའི་བྲང་གཞུང་དུ་འཚང་འདུགརོལ་དབྱངས་འཁྱམས་པོ་ཞིག་དང་ཟླ་བ་ཁེར་བགྲོད་ཅིག་གིས་ནམ་རྒྱུན་དང་འདྲ་བར་མཚན་མོ་འདིར་ཁ་མིག་དྭངས་མོ་ཞིག་བྲིས་འདུག

ཆར་བ་ཟམ་ཟིམ་དུ་འཇོ་ཞིང་གློག་ཞུ་སྣ་ཚོགས་ཀྱིས་བྲིས་པའི་མཚན་མོ་འདིའི་ཁ་དོག་དེ་ཆ་མི་སྙོམས་པའི་དབྱངས་རྟ་ཞིག་དང་འདྲ་བར་ངའི་སེམས་སུ་ཟགས་དུས།ངས་ནི་གླུ་སྐད་སྐྱ་བོ་ཞིག་གི་བྲག་ཅ་ལ་ཉན་ཞིང་བསྐྱར་ཟློས་ཀྱི་འཚོ་བ་ཞིག་གི་སྣེ་མོ་སྐྱོར་ནས་ཡོད།

མཚན་མོ་འདིར་ང་གཅིག་པུ་ནི་ཆར་བའི་ཤག་སྒྲར་ཉན་མཁན་དེ་ཡིན།

 

ཁག་གསུམ་པ།

སྙན་ངག་པ་ནི་མཚན་མོར་ཁ་མིག་འབྲི་མཁན་གྱི་གཟུགས་མེད་ཀྱི་ལག་པ་དེ་ཡིན་ལ།མཚན་མོ་ནི་སྙན་ངག་པའི་སེམས་ཚོར་བརྡར་སའི་མཐའ་མེད་ཀྱི་འཇུག་ངོགས་དེ་ཡིན།སྙན་ངག་པ་དང་དེའི་མཚན་མོ་ནི་སྐད་ཅིག་ཙམ་ལ་གླེང་མི་ཚར་ལ་བྲིས་ཀྱང་རྫོགས་མི་སྲིད་པའི་གཞལ་མེད་ཀྱི་ཞིང་ཁམས་ཤིག་ཡིན།མཚན་མོ་ནི་སྙན་ངག་པའི་མཚན་མོ་ཡིན་ལ་སྙན་ངག་པ་ཡང་མཚན་མོའི་སྙན་ངག་པ་ཡིན་པས།

མཚན་མོའི་པང་ནས་སྙན་ངག་པས་ཐ་སྙད་མང་པོའི་མགོ་རྟིང་བསྒྲིགས་ཏེ་མུན་ནག་གི་ཀློང་དུ་གཏོར་ཡོད་ལ།ཐ་སྙད་དེ་དག་ཀྱང་མཚན་མོའི་མཁའ་དབྱིངས་ན་སྐར་ཚོགས་བཞིན་ཁྲ་ཆིལ་ལེར་ཡོད།སྙན་ངག་པས་ཐ་སྙད་དེ་དག་ལ་བལྟས་ཏེ་བགད་མྱོང་ལ་ངུས་ཀྱང་མྱོང་།

སྙན་ངག་པ་ནི་མཚན་མོའི་ཕྱི་ནང་སློག་མཁན་གྱི་རུ་དཔུང་དེ་ཡིན་ལ་མཚན་མོའི་སྲུབས་ཀ་དེའི་ཆེད་དུ་ཁོམ་ལོང་མེད།སྙན་ངག་པས་མཚན་མོ་མང་པོ་ཞིག་གི་གསང་བ་དང་གཏམ་རྒྱུད་ལྷན་གཅིག་ཏུ་སྤུངས་ཏེ་མེ་ལ་བསྒྲོན་ཅིང་མེ་ཕུང་དེའི་གམ་ནས་མཚན་མོ་དེ་དག་ལ་ཁ་དོག་གཞན་ཞིག་ཀྱང་བྱུགས་ངེས།

སྙན་ངག་པ་ནི་མཚན་མོའི་ཕུགས་ཀྱི་ཟླ་བ་དང་སྐར་ཚོགས་གཞན་ཞིག་ཡིན།



དཔྱོད་ཤེས་ཀྱི་གསེར་སྡོང་ལ་དུངས་ཞེན་གྱི་གཡུ་ལོ་རྒྱས།

      རྐང་ལམ་ཕྲ་མོར་དཔྱད་སྟངས་རིགས་ཤིག

               ༀ་འབར།

 

[ནང་དོན་གནད་བསྡུས]དཔལ་དོན་འགྲུབ་རྒྱལ་གྱི་ལྷུག་རྩོམ་གང་ཡང་རུང་བ་ལ་མཚོན་ན།ཚིག་གི་ཆ་ནས་སྙན་འཇེབས་ངང་གིས་ཐོན་ཡོད་ཅིང་དོན་གྱི་ཆ་ནས་གོ་བདེ་བའི་ཁྱད་ཆོས་ཐོན་ཡོད་པ་རེད།དེར་རྟོགས་སླ་གོ་བདེའི་ངང་ནས་སྟབས་བདེ་མོར་བསྐྱར་ན།རྩོམ་རིག་མཛེས་དཔྱོད་ཀྱི་མྱོང་རོལ་ལ་མ་གོམས་པའི་ངོ་ཆེ་བར་བསམ། ཡང་རྩོམ་ཆོས་རང་ལྡོག་ནས་མངོན་པའི་མཛེས་པ་ལ་གཅར་མི་ཐུབ་པར་འདོད།དེ་བས།འདིར་མཁས་དབང་ཁོང་གི་ལྷུག་རྩོམ་རྐང་ལམ་ཕྲ་མོ་ལ་བསྐྱར་དུ་དཔྱད་པ་གཏོང་ཁུལ་བྱས་པ་ཡིན།

 

[བརྡ་ཆད་གཙོ་བོ]རྩོམ་ཆོས།  གཤིབ་སྡུར།  མཐོང་སྣེ། རིག་གནས།

 

དཔལ་དོན་གྲུབ་རྒྱལ་གྱིས་གསར་རྩོམ་མཛད་པའི་རྐང་ལམ་ཕྲ་མོ་ཞེས་པ་འདི་ལ་རྩོམ་གཞུང་སྟེ།བོད་རང་དང་ཕྱི་གླིང་གཉིས་ཀ་གཞིར་བཟུང་ན། དང་པོ་བོད་རང་གི་རྩོམ་གཞུང་དུ་དགོངས་པའི་སྙན་ངག་མེ་ལོང་མ་ལྟར་ན་ཚིག་ལྷུག་ཏུ་གཏོགས་པ་ཧ་ཅང་སླ།དེ་རུ། ལུས་ནི་བརྗོད་པར་འདོད་པ་ཡི།། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་།། དེ་ཡང་ཚིགས་བཅད་ལྷུག་པ་དང་།།སྤེལ་མ་རྣམ་གསུམ་ཉིད་དུ་གནས།། ཞེས་པ་ལས་གཞན་དུ་ཚིག་ལྷུག་ལ་ནང་གསེས་རིགས་དབྱེ་གཞན་ཡོད་པར་མ་མཆིས།ཡང་ན་བོད་ཀྱི་རིགས་དབྱེ་དག་ནི་ཕྱི་ལུས་ལས་ནང་དོན་ལ་མི་བལྟ་བས་ཀྱང་རེད། གཉིས་པ་ཕྱི་གླིང་གི་རྩོམ་གཞུང་ལྟར་ན་རྩོམ་རིག་གི་ལུས་ལ་ཡར་སྔོན་གྱི་ཨ་རི་སོ་ཏོ་ཏལ་གྱི་ལྟ་གྲུབ་སྟེ་དོན་གྱི་བྱུང་བ་བརྗོད་པའི་རིགས་དང་ཡིད་ཀྱི་འགྱུར་བ་མཚོན་པའི་རིགས་དང་ཟློས་གར་གྱི་རིགས་ཞེས་རིགས་དབྱེ་གསུམ་དུ་དགོངས་ལ།རྗེས་སུ་དུས་རབས་བཅུ་བདུན་ནས་བརྩམས་སྒྲུང་དང་སྙན་ངག་དང་ཚིག་ལྷུག་དང་ཟློས་གར་ཞེས་རིགས་དབྱེ་བཞི་འདི་བྱུང་བ་ནས་ད་ལྟའི་དབར་རྒྱུན་འཛིན་བྱས་ཡོད་པ་རེད།འདི་ནི་ལུས་ཁོ་ན་ཙམ་མ་ཡིན་པར་དོན་ལའང་བལྟས་ཡོད་པ་རེད། འདི་ལྟར་ན་རྐང་ལམ་ཕྲ་མོ་ནི་བརྩམས་སྒྲུང་དང་ཚིག་ལྷུག་གང་གི་ཁོངས་སུ་གཏོགས་མིན་གྱི་ཆ་ནས་འགལ་ཆ་བྱུང་བ་སྟེ།ཐོག་མར་བོད་ཀྱི་རྩོམ་རིག་དུས་དེབ་སྦྲང་ཆར་ལ་སྤེལ་དུས་བརྩམས་སྒྲུང་གི་ས་བཅད་དུ་བཅུག་པ་རེད།དེ་ནི་ཏག་ཏག་ཕྱི་གླིང་རྩོམ་རིག་ལ་བློ་སྦྱོང་དང་རྒྱུས་ལོན་ཡག་པོ་མེད་པའི་རྐྱེན་ལོས་ཡིན་སྙམ།རེད་དེ། དུས་ད་ལྟར་རྩོམ་རིག་གི་ཤེས་བྱ་ཕྲན་བུ་ཡོད་པ་ཙམ་གྱིས་རྐང་ལམ་ཕྲ་མོ་ནི་ལྷུག་རྩོམ་གྱི་ཁོངས་སུ་བསྡུ་བ་ནི་དོགས་མེད་ཡིན།དེས་ན་སྔར་བཞིན་ཕྱི་གླིང་པའི་རྩོམ་གཞུང་ལ་ཁུངས་བཅོལ་ནས་སྤྲོས་ན། ཚིག་ལྷུག་དེ་ལ་ཡང་དུངས་བརྗོད་དམ་ཡིད་འགྱུར་ལྷུག་རྩོམ་དང་དོན་བརྗོད་ལྷུག་རྩོམ་དང་ལུགས་བརྗོད་ལྷུག་རྩོམ་ཞེས་རིགས་དབྱེ་གཙོ་ཆེ་བ་གསུམ་གཞིར་བྱས་ད་དུང་འབོལ་རྩོམ་ཐོལ་རྩོམ་ཡུལ་སྐོར་ཟིན་ཐོ་སོགས་ཀྱང་འདིའི་ཁོངས་སུ་བསྡུ་མི་བསྡུ་གང་མོས་མཆིས་པ་རེད།

དེར་དཔལ་དོན་གྲུབ་རྒྱལ་གྱིས་བརྩམས་པའི་རྐང་ལམ་ཕྲ་མོ་འདི་ལ་ཡང་ལྟ་གྲུབ་འདི་དག་གཡར་ནས་བོད་རང་གི་རྩོམ་དགའ་དག་གིས་དཔྱད་པ་རེ་འགའ་སྤེལ་ཡོད་པ་ནི།སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་གྱིས་བསྒྲིགས་ཤིང་སྤྱི་ལོ་ཉིས་སྟོང་དགུ་ལོར་དཔར་ཏུ་བཏབ་པའི་དཔལ་དོན་གྲུབ་རྒྱལ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པར་གདའ།དེ་དག་གིས་རྩོམ་འདི་ནི་ཡིད་འགྱུར་མཚོན་པའི་ལྷུག་རྩོམ་གྱི་ཁོངས་སུ་བཞག་འདུག རེད་དེ།ང་ཚོས་ལྷུག་རྩོམ་འདི་རང་མིག་རང་བློ་ཡིས་ཞིབ་ཏུ་བཀླགས་ཤིང་ངང་གིས་དཔྱོད་ཚེ། ལྷུག་རྩོམ་འདི་ནི་ཡིད་འགྱུར་རམ་དུངས་བརྗོད་གཙོར་བཟུང་གིས་བྲིས་པ་ཞིག་མ་རེད་ལ།དོན་བརྗོད་གཙོར་བཟུང་གིས་བྲིས་པ་ཞིག་ཀྱང་མ་རེད། ཡང་བསྡུས་བརྗོད་ཀྱི་རྩོམ་སྟངས་ཁོ་ན་འབུར་ཐོན་བྱས་མི་འདུག་ལ།ལུགས་བརྗོད་དེ་རྒྱུ་འབྲས་གཏན་ཚིགས་ཁོ་ན་བརྗོད་པ་ཅན་ཡང་དེ་ལས་ཀྱང་མ་རེད། འོ་ན་ཅི་ལྟ་བུ་ཞིག་རེད་ཟེར་ན།འདི་ལྟར་བཤད་དུ་ཡོད་དེ། བརྩམས་ཆོས་དངོས་ཞིབ་ཀློག་བྱས་ཚེ། ཚིག་ངོས་ན་དུངས་ཞེན་དུངས་སེམས་སྟོན་ཞིང་དགའ་སྐྱོ་ཆགས་སྡང་གི་རུས་པ་འབུར་དུ་བཏོད་པའི་ཚིག་མང་པོ་ཐོན་ཡོད་པས་ཡིད་འགྱུར་སྟོན་པའི་ཆ་མཆིས།དཔེར་ན། ངོ་ཚ་འདི་ལས་ཆེ་བ་དང་། འགྱོད་པ་འདི་ལས་ལྷག་པ་ཞིག་གང་ན་ཡོད་ཅེས་པ་ལྟ་བུ། རེད་དེ།དེ་ནི་རྩོམ་ཆོས་ཤིག་གི་ཆེས་ཕྱི་ངོས་ཡིན་པས་དེ་ཙམ་ལ་གཞི་བཟུང་ན་ཧ་ཅང་དོན་སྙིང་གིས་དབེན།དཔེར་ན་མི་ཞིག་གི་རྒྱུས་ལོན་དེ་ཕྱི་གོས་ལ་ཚད་ཐིག་བྱས་པ་ལྟ་བུ་རེད། ཡང་ལྷུག་བརྗོད་ཀྱི་ངོས་ན་དོན་དག་མང་པོ་ཞིག་བཀོད་ཡོད་པས་དོན་བརྗོད་ལྷུག་རྩོམ་གྱི་ཆ་བདོགདཔེར་ན། ལབ་གླེང་ལ་དགའ་བའི་རྒན་རྒོན་ཚོའི་ཁ་བརྡ་དང་ང་རང་ཐོག་དང་པོར་དཔེ་ཁུག་འཁུར་ཏེ་སློབ་གྲྭར་འགྲོ་བའི་མཐོང་སྣང་།ཡང་བླ་བཙུན་ཚོའི་མཛད་སྤྱོད། རྒྱལ་ཁབ་ཀྱིས་གཏེར་འདོན་ཆེད་དུ་གཞུང་ལམ་ལས་པ་བཅས་ཀྱིས་མཚོན།རེད་དེ། དོན་བརྗོད་ལྷུག་རྩོམ་ཡིན་ཚེ་དོན་དག་རང་ངོས་ན་མགོ་མཇུག་བར་གསུམ་ཚང་བའི་བྱུང་རིམ་ཁ་ཚང་ཞིག་འགྲུབ་དགོས་པར་རྩོམ་ཆོས་འདི་ལ་ཆ་རྐྱེན་དེ་མི་ཚང་།ཏག་ཏག་དོན་དག་འབྲེལ་མེད་ཁ་ཤས་ཐབས་སྤུངས་བྱས་པ་ཙམ་དུ་ཟད། དེ་བས། དོན་བརྗོད་ཀྱི་ཁོངས་སུའང་བསྡུ་མི་ཆོག་པར་བསམ།ཡང་བསྡུས་བརྗོད་ཀྱི་རྩོམ་ཐབས་ཁོ་ནས་གཞི་བཟུང་ཡོད་ཀི་ཟེར་ན། དེ་ཡང་བཤད་དཀའ་སྟེ། ཁ་བྱང་གིས་མཚོན་བྱ་གང་རུང་ཞིག་མཚོན་པའམ་དཔེ་ཡིས་དཔེ་ཅན་གང་རུང་ཞིག་བསྡུས་ཡོད་པར་འདོད་རུང་།དེ་ཙམ་གྱིས་རྩོམ་འདིའི་ཁྱད་ཆོས་གནད་དུ་གདོན་མི་ཐུབ་པར་ད་དུང་ཕྱི་རིམ་ཤ་པགས་ཀྱི་ཚོད་དུ་ལུས་ཡོད་པ་ཙམ་གྱི་ཚོར་སྣང་སྟེར།ཡང་ན་གོ་བདེ་བར་བཤད་ན།མཐའ་མཇུག་གི་རྩོམ་པ་པོའི་གདམ་ག་དེས་གསལ་གྱི་ལེར་སྟོན་ཐུབ་སྟེ།རྐང་ལམ་ཕྲ་མོས་མཚོན་པར་འདོད་པའི་སྲོལ་རྒྱུན་རིག་གནས་དང་གཞུང་ལམ་གྱིས་མཚོན་པར་འདོད་པའི་རིག་གནས་གསར་བ་གཉིས་ལས་རྩོམ་པ་པོས་གཞུང་ལམ་བདམས་པས་གབ་སྦས་ཡོད་ཚད་ཕྱི་གསལ་ནང་གསལ་དུ་བཏང་བ་ལྟ་བུའོ།།ལུགས་བརྗོད་ལྷུག་རྩོམ་རེད་ཟེར་ན།དེ་ཡང་རྒྱུ་འདི་ཡིན་པས་འབྲས་བུ་འདི་ལྟ་བུ་འབྱུང་ཞེས་པའི་རྒྱུ་འབྲས་གཏན་ཚིགས་ཀྱི་འབྲེལ་བའམ་འདི་བཟང་གན་ངན་གྱི་ཞིབ་བསྡུར་གསལ་དྭངས་ཅན་མེད་པ་རེད།རྩོམ་ཧྲིལ་བོ་ལ་བལྟས་ན། མཐའ་མཇུག་གི་རྩོམ་པ་པོའི་གདམ་ག་དེ་གློ་བུར་བ་ཞིག་རེད།ཡང་ན་མེད་ཀྱང་ཆོག་པའི་ཚན་པ་ཞིག་རེད་འདོད།

དེ་བས།དཔལ་དོན་གྲུབ་རྒྱལ་ལ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་དེ་རུ་རྐང་ལམ་ཕྲ་མོར་དཔྱད་པ་བཏང་བ་གང་ཞིག་ཡིན་རུང་རྩོམ་ཆོས་ཀྱི་ཁྱད་ཆོས་གང་ལ་གཞི་བཟུང་གི་གསལ་ཁ་མི་འདུག་པར།དེ་ཙམ་ཡོད་པའམ་ལྡན་པ་རེད་ཅེས་ཡིག་འབྲུ་ཙམ་ཐོན་པ་ལས་བརྗོད་པ་གང་ཡང་མག་མོག་རབ་རིབ་ཀྱི་ཆ་ཆེ།ཏག་ཏག་ཚང་མའི་མྱོང་གོམས་ལྟར་རྩོམ་ཆོས་འདིར་རྩོམ་པ་པོས་མི་རིགས་ཀྱི་ལས་དབང་བསྒྱུར་ཆེད་དུ་མཐའ་མཇུག་གཞུང་ལམ་གདམ་པ་རེད་ཞེས་བརྗོད་པ་ནི།རྩོམ་པ་པོས་བརྗོད་འདོད་ཀྱི་མཐར་ཐུག་གི་སྙིང་གཏམ་རེད་འདོད་ན།རྩོམ་ཆོས་འདི་ལ་ད་དུང་དབྱེ་ཞིབ་རིན་དུ་བྲིན་པ་ཞིག་བྱས་མི་སྣང་བར་འདོད།འདི་ནི་འབྲས་བུའི་ཆ་ནས་བལྟས་པའི་དཔྱད་སྟངས་ཤིག་དང་།ཡང་ན་ཀུན་སྤྱོད་ཀྱི་ཆ་ནས་གཞལ་བའི་མིག་དབང་ཞིག་ཡིན་པས་ཀྱང་རེད་འདོད། ཡང་ན་རྩོམ་རིག་གི་མཛེས་པ་ལ་ངེས་ཤེས་མ་འདྲོངས་པས་ཀྱང་ཨེ་ཡིན་སྙམ།   

ཁོ་བོ་ལྟར་ན།རྩོམ་ཆོས་འདི་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་རྩོམ་པ་པོས་མཐའ་མཇུག་གི་ལངས་ཕྱོགས་གསལ་བར་བསྟན་པ་དེ་མ་ཡིན།ཡང་ན་དོན་རྟོགས་སླ་ཞིང་ཚིག་གོ་བདེ་བ། ཚིག་སྦྱོར་རྣ་བར་སྙན་པ་སོགས་ཀྱིས་མཚོན་ཐུབ་པར་འདོད་པ་དེ་ཙམ་ཡང་མ་ཡིན།ཏག་ཏག་གོ་སླ་རྟོགས་བདེའི་ནང་རིམ་ན་གཞལ་དུ་དཀའ་བའི་ཐུན་མིན་གྱི་གསང་བ་ལྐོག་གྱུར་ཅིག་སྦས་ཡོད་པ་དེ་རེད།

གཅིག གཤིབ་སྡུར་གྱི་རྩོམ་རྩལ་ལེགས་པོ།

རྩོམ་ཆོས་འདིར་གཤིབ་སྡུར་ཐབས་ལ་བརྟེན་ནས་རྩོམ་པ་པོས་བརྗོད་འདོད་གང་ཉིད་བར་སྟོང་ཡངས་པོ་སྒོ་ནས་ཀློག་པ་པོར་བཀྲམས་པ་སྟེ།བརྗོད་པ་དང་པོ་བཀོལ་ནས་བྲིས་པའི་མི་སྣ་ང་དང་ཚིག་རྩོད་ལ་ཞེན་པའི་རྒན་རྒོན་ཚོ།ཆོས་དབྱངས་བྲག་ཅར་འཁྱིལ་བའི་བླ་བཙུན་གཉིས་བཅས་སོ།།ལྟ་མཁན་འདི་གསུམ་ཀས་བལྟ་ཡུལ་གཅིག་ལ་མཐོང་སྣང་མི་འདྲ་བ་སོ་སོ་སྟེ། ལབ་གླེང་ལ་ཞེན་པའི་རྒན་རྒོན་ཚོ་རང་འབྲེལ་ངག་རྒྱུན་ཐན་ཐུན་གྱི་ཀློང་ལ་འདུར་བར་སྤྲོས་ཡོད་པ་དང་།ང་ནི་རྐང་ལམ་ཕྲ་མོ་དེ་ཆེས་ཐོག་མར་གསར་གཏོད་མཁན་དང་བར་གྱི་ཆགས་འཇིག ད་ལྟའི་གནས་བབ། མ་འོངས་ཁ་ཕྱོགས་བཅས་མཐོང་ཡོད་པར་བསླངས་ཡོད་པ།བསམ་བློའི་རྒྱབ་རྩ་བརྟེན་སའི་རྟེན་གཞི་ཡོད་པའི་བླ་བཙུན་གཉིས་ཀྱིས་ཆོས་ཀྱི་གསུང་དབྱངས་ཙམ་ལ་ཐུགས་དགོངས་མཐའ་གཅིག་ཏུ་གཞོལ་ཡོད་པ་རུ་བཞེངས་འདུགའདི་ནི་རྩོམ་གྱི་ཚིག་ངོས་ཀྱི་གདོང་འདེད་ཙམ་རེད། མ་གཞིར་རྩོམ་རིག་ནི་སྒྱུ་རྩལ་གྱི་བྱེ་བྲག་ཅིག་ཡིན་ན།དེ་ལ་རྟོག་བཟོ་དང་ཡིད་བརྙན་དང་ཡིད་ཡུལ་གྱིས་ཁེངས་པ་ཞིག་ཡིན་ན། དེ་རུ་རྩོམ་པ་པོ་གང་དེའི་བློས་བསླངས་དང་ཕུགས་འདོད་ཞེ་བཅངས་ཤིག་བདོག་པ་རིས་མེད་དུ་མངའ་ན།སྐད་དང་ཡི་གེ་ལ་བརྟེན་ནས་སྒྱུ་རྩལ་གྱི་ཕུང་བོ་བསྒྲུན་དུ་མེད་པ་ཞིག་བསྐྲུན་ཡོད་པའང་གདོན་མི་ཟ།ལྡོག་སྟེ་རྩོམ་ངོས་ཀྱི་མི་སྣའམ་དོན་དག་གང་ཉིད་སྤྱིར་བཏང་དངོས་བཤུ་ཙམ་གྱི་ངོ་ལས་མེད་ན།ང་ཚོས་ཉམས་ཞིབ་དང་དཔྱད་ཞིབ་གཏང་དགོས་དོན་གང་ཡང་མ་མཆིས། དེ་བས།སྒྱུ་རྩལ་ནི་སྒྱུ་རྩལ་སྟེ་དངོས་ཡོད་ལས་བརྒལ་ཡོད་པར་བཅོས་མིན་དུ་བལྟ་དགོས་སོ།།

རྩོམ་ཆོས་འདི་ཡང་སྒྱུ་རྩལ་གྱི་རྒྱ་ཁ་ལ་བཅག་ཚེ།རྩོམ་ཆོས་སུ་བཞེངས་པའི་མི་སྣ་སྟེ་བརྗོད་པ་དང་པོའི་ང་དང་རྒན་རྒོན་ཚོ།བླ་བཙུན་བཅས་ནི་སྤྱིར་བཏང་གི་བེམ་གཟུགས་རང་ག་བ་ཙམ་མ་ཡིན་པར་དེ་དག་གིས་མཚོན་བྱ་དང་ཁྱབ་གཟུགས་ནི་རྒྱ་ཆེ་འཛོམས་ཁྱད་ཡིན་པ་ལ།འདི་ལྟར་གོ་བ་བླངས་ཀྱང་ཆོག་སྟེ།རྒན་རྒོན་ཚོས་གྲུབ་མཐས་བློ་ཁ་བསྒྱུར་ཡོད་པའི་ཨུ་ཚུགས་མཁྲེགས་འཛིན་གྱི་ཡུལ་མི་རང་བཞིན་པ་མཚོན་ལ།བརྗོད་པ་དང་པོའི་ང་ཡིས་གནའ་དེང་དང་ཕྱི་ནང་གང་ལ་ཡང་ལྟོས་བཅས་ཀྱིས་རང་རྒྱུས་ཡོད་པའི་མི་རབས་གསར་བ་མཚོན།ཆོས་དབྱངས་བར་མེད་དུ་སྒྲོག་པའི་བླ་བཙུན་གྱིས་འཇིག་རྟེན་འཁོར་བ་བློས་གཏོང་གི་ཆོས་བྱེད་མི་སྣའམ་སྲོལ་རྒྱུན་མཁས་དབང་མཚོན་པ་རེད།འདི་དག་གིས་རང་རང་གི་སྣང་ངོ་ལས་མཐོང་སྣེ་མི་འདྲ་བ་གསུམ་མཚོན་ཡོད་ལ། མཐོང་སྣེ་མི་འདྲ་བ་གསུམ་གྱི་བསྡུར་བ་ལས་ང་ཚོར་བལྟ་ཡུལ་གང་ཉིད་ཐོགས་རེག་དང་ལྡན་པའི་སྒོ་ནས་གསོན་གཟུགས་སུ་བསྐྲུན་འདུགའདི་གསུམ་གྱི་བསྡུར་བ་ལས་མི་རབས་གསར་བའི་མཐོང་སྣེ་ནི་འདས་མ་ད་གསུམ་ལ་གཞིགས་ནུས་པའི་དཔྱོད་ཤེས་ཀྱིས་གཏམས་ཤིང་།ཏག་ཏག་ཡོད་ཚད་རྐང་ལམ་ཕྲ་མོའི་ལས་དབང་ལ་མཐའ་གཅིག་ཏུ་གཞོལ་ཡོད་པ་རྟོགས་ཐུབ།ལྡོག་སྟེ་རྒན་རྒོན་ཚོས་རྐང་ལམ་ཕྲ་མོ་དེ་ཉིད་རང་རང་གི་གྲུབ་མཐའི་ཁོག་དཔུང་ལ་རྒྱ་ཙམ་གྱི་ཆེ་ངོམ་གཏད་སོ་ལས་གང་ལ་ཡང་མི་བསམ་པ་དང་།བླ་བཙུན་ཚོས་དེ་ནི་རང་གི་བསམ་བློའི་རྒྱབ་རྩ་བརྟེན་སའི་རྐང་རྟེན་ཙམ་ལས་མཐར་ཐུག་གི་དམིགས་ཡུལ་དུ་མི་བསམ་པ་བཅས་ལས་ངའི་མཐོང་སྣེ་ནི་རང་བཞིན་གྱིས་འབུར་ཐོན་དུ་བཏང་འདུགའདི་ནི་ད་གཟོད་རྩོམ་ཆོས་འདིར་དོན་དག་འབྲེལ་མེད་འགའ་ཐབས་སྤུངས་བྱས་པའི་ཉིང་དགོས་རེད།

གཉིས། དཔྱོད་ཤེས་ཀྱི་སྲོག་ཤིང་བརྟན་པོ།

རྩོམ་ཆོས་འདིའི་ཐོག་མཐའ་བར་གསུམ་དུ་ཕྲེང་ཐག་ལྟ་བུའི་སྲོག་ཤིང་ཞིག་ཡོད་པ་ནི།རྒྱུ་འབྲས་གཏན་ཚིགས་ཀྱིས་མཚོན་པའི་བློ་རིག་གི་རིགས་ལམ་དང་ཚོར་ཤེས་མ་ཡིན་པའི་དཔྱོད་ཤེས་ཀྱི་རིགས་འདེད་ཅིག་མི་མངོན་པའི་རུས་རྐང་ཇི་བཞིན་ཡོད་པ་དེ་རེད།རྐང་ལམ་ཕྲ་མོ་ལ་ཐོག་མའི་རྣ་ཐོས་ངོ་ཤེས་ནས་བར་གྱི་རང་ཉིད་སློབ་གྲྭར་ཞུགས་ནས་རིམ་བཞིན་དེའི་ཕྱོགས་མང་པོ་ལ་ངོས་འཛིན་དང་བློ་རིག་གིས་ཕན་ཚུན་ཞིབ་བསྡུར་བྱས་པ།ད་ལྟའི་གཞན་དབང་གིས་གསར་ལས་བྱས་པའི་གཞུང་ལམ་གྱི་དགེ་མཚན་བཅས་བརྗོད་དེ།འདས་མ་ད་གསུམ་གྱི་འཕེལ་གནས་འཇིག་གསུམ་ལ་ཕྱིར་རྟོགལྷག་ཏུ་མ་འོངས་བློས་བསླངས་ཀྱི་འཆར་སྒོས་ཐག་གཅོད་བྱས་པའི་མཐའ་མའི་རང་གི་གདམ་ག་བཅས་དབར་ན་དེ་ཡིན་པའི་རྒྱུ་མཚན་གྱིས་འདི་ལྟར་རེད་ཅེས་པའི་རིགས་འདེད་ཀྱི་དཔྱོད་ཤེས་ཤིག་རང་བཞིན་གྱིས་གྲུབ་ཡོད་པ་རེད།ཡང་རྒན་རྒོན་ཚོ་དང་བླ་བཙུན་དང་ང་བཅས་དབར་གྱི་མཐོང་སྣེའི་བསྡུར་བས་ཀྱང་རྐང་ལམ་ཕྲ་མོ་ལ་རིགས་འདེད་ཀྱི་དཔྱོད་ཤེས་བློ་མིག་བཀོལ་མཁན་ནི་ང་ཡིན་པ་ལས་ཁོང་ཚོ་མ་རེད།དེ་ཚོ་ནི་དུངས་ཞེན་ཕྱོགས་རིས་ཀྱི་ཚོར་ཤེས་གཞི་བཟུང་བའི་མཐོང་སྣེ་ཡིན་པ་ཧ་གོ་ཡོང་།ང་ངའི་ལྷུག་བརྗོད་ཀྱི་ངོས་ནས་དུངས་ཞེན་གྱི་ཚིག་བརྗོད་མང་དུ་བརྡོལ་ཡང་དོན་ངོ་མའི་སྲོག་ཤིང་ནི་དཔྱོད་ཤེས་ཀྱི་རུས་རྐང་སྲ་མཁྲེགས་སུ་སྦས་ཡོད་པ་དེ་རེད།དེ་བས། ཀློག་པ་པོ་ཚོ་ཚིག་གི་མཛེས་ཉམས་ཏེ་དུངས་ཞེན་གྱི་ལྷུག་བརྗོད་ལ་འཐམས་དྲགས་ན་རྩོམ་ཆོས་འདི་ནི་ཡིད་འགྱུར་ཡིན་པའི་ཚོར་བ་ཤུགས་ཆེར་ཡོད་པ་རེད།ཡང་ནང་རིམ་ལ་བློ་སྙོབ་བྱས་ན་རིགས་རྟོག་དཔྱོད་ཤེས་ཀྱི་ཆ་དེ་དཀར་བོང་བོང་དུ་མངོན་འདུགའདི་ནི་ནང་གི་རིགས་འདེད་དཔྱོདཤེས་ལ་ཕྱིའི་དུངས་ཞེན་ཚོར་ཤེས་ཀྱིས་བརྒྱན་པ་ལྟ་བུ་རེད།མི་བུ་དཔའ་སྙིང་བློ་སྟོབས་ཀྱིས་ཁེངས་པ་ཞིག་ལ་ཕྱིའི་བྱད་བཞིན་མཛེས་ཉམས་ཀྱི་ཕྱུག་ཡོད་པ་དང་ཨ་ན་མ་ན་རེད་པས།ཚོར་ཤེས་དང་དཔྱོད་ཤེས་ཟུང་འབྲེལ་གྱི་རྩོམ་ཆོས་འཐུས་ཚང་ཞིག་ཏུ་འདོད།

གསུམ། མི་ཚེའི་བཤུལ་ལམ་གསལ་སྟོན།

རྩོམ་ཆོས་འདི་ཀློག་གིན་ཀློག་གིན་དྲན་འོང་བ་ནི་རྩོམ་པ་པོའི་མི་ཚེའི་བཤུལ་ལམ་དེ་གསལ་བོར་བསྟན་འདུག་སྟེ།ཐོག་མའི་ལྟེ་ཁྲག་འཕོ་ས་ནས་འཚར་ལོངས་བྱུང་བ་དང་རིག་སློབ་ཀྱི་གོམ་ཁ་བཏེགས་ནས་སློབ་གྲྭར་བསྐྱོད་པ།དེ་ནས་རིག་གནས་ཀྱི་ཕྱོགས་སོ་སོ་ལ་སྦྱངས་སྟོབས་དང་ཤེས་སྟོབས་ཚད་མེད་གནང་ནས་རིག་གནས་ལ་དགའ་བ་ཚད་མེད་ཡོད་པའི་མི་བུ་རིགས་ཞེན་ཞིག་ཏུ་གྱུར་བ།མཐའ་མར་རིགས་ཀྱི་བདེ་སྡུག་དང་རྟོགས་སད།མདུན་སྐྱོད་ཀྱི་ཆེད་དུ་རང་སྲོག་བློས་བཏང་བ་བཅས་ཀྱི་ཐད་རྩོམ་ཆོས་འདི་ལ་ཞིབ་གཟིགས་བྱས་ཚེ་གསང་གནད་རྟོགས་པའི་སྐྱ་ཐིག་ཙམ་མངོན་འདུག་སྙམ།རྐང་ལམ་ཕྲ་མོའི་མཇུག་ཏུ་བཀོད་ཡོད་པའི་ཟླ་ཚེས་ནི་སྤྱི་ལོ1984ལོའི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་པེ་ཅིན་དུ་ཞེས་གསལ་བ་རེད།འདིས་ཀྱང་སྔ་མོ་ནས་མཁས་དབང་ཁོང་རང་གིས་མི་ཚེའི་རྫོགས་པ་འཕེན་སྟངས་ལ་མཁྱེན་སྟོབས་ཤིག་ངང་ངམ་ཤུགས་ཀྱི་བསྟན་དང་སྟོན་བཞིན་འདུག་སྙམ།རྒྱུ་མཚན།རྣམ་གཅོད་ཀྱི་སྙིང་སྟོབས་ཇི་ལྟར་རྒོད་ཅིང་མནར་སྡུག་གི་སེམས་ཁམས་དེ་ལྟར་འཁྲུག་ན།སྡུག་བསྔལ་གྱི་ཁུར་བོ་ཇེ་ལྕི་དང་སྡུག་བསྔལ་གྱི་རྔམ་ཁ་ཇེ་བཙན་ཡིན་པས་རེད། དེ་བས།རྩོམ་ཆོས་འདི་ནི་མཁས་དབང་ལགས་ཀྱི་མི་ཚེ་ལོ་རྒྱུས་སམ་བཤུལ་ལམ་ལ་དཔྱད་པ་གནང་བར་མེད་དུ་མི་རུང་བའི་དཔྱད་ཡིག་གལ་ཆེན་ཞིག་ཏུ་མཐོང་ངོ་།།

བཞི། སེམས་ཁམས་ཀྱི་འཕག་འཚག་རིང་མོ།

བློ་རིག་གི་མངོན་སྟོབས་ནི་དཔྱོད་ཤེས་ཀྱིས་མཚོན་ཆོག་ལ་བརྩེ་དུངས་ཀྱི་ཞེན་སྟོབས་ནི་ཚོར་ཤེས་ཀྱིས་བསྟར་ཆོག་པ་རེད།འདི་ཡང་སྔར་བཞིན་མཐོང་སྣེའི་བསྡུར་བ་གསུམ་ལས་ཧ་གོ་ཡོང་སྟེ།ལབ་གླེང་ལ་དགའ་བའི་རྒན་རྒོན་ཚོའི་ཚིག་རྩོད་ནི་མི་རིགས་དང་གཞི་གཅིག་ཏུ་འབྲེལ་བའི་རིག་གནས་ཀྱི་ལར་ཞེན་མ་ཡིན་པར།རང་རང་སོ་སོའི་ཕྱོགས་ཞེན་ཕྱོགས་རིས་ཀྱི་གྲུབ་མཐའ་རིས་གཅོད་ཀྱི་གཅིག་གིས་གཅིག་ལ་ཁས་ལེན་མི་བྱེད་པའི་ནད་རྙིང་གི་རྩོད་པ་རེད།འདིས་ཕྱི་རོལ་ལ་ལྟ་རྒྱ་ཐོས་རྒྱ་ཡོད་པ་ལྟ་ཞོག ཐ་ན་རང་རིགས་ཀྱི་ལོ་རྒྱུས་ཡང་དག་དེ་ལའང་རྒྱུས་ལོན་རྟ་རྔ་ཙམ་ཡང་མེད་པས་ས་ཕྱོགས་རིས་འཐེན་ནི་ང་ཚོ་བོད་འདི་མདུན་སྐྱོད་བྱ་མི་ཐུབ་པའི་དམངས་ཁྲོད་ཀྱི་ཐུན་མོང་འདུ་ཤེས་དེ་ཡིན་པར་བསྟན་པ་དང་།ཆབས་ཅིག་ད་དུང་མུ་མཐུད་དུ་ཞན་ཆ་འདིའི་རྒྱུན་གཅོད་མི་ཐུབ་པར་མུ་ནས་མུར་བསྲིངས་དང་སྲིང་བཞིན་ཡོད་པ་རེད།ཡང་དགོངས་པ་ཆོས་དབྱིངས་ལ་འཐམས་པའི་བླ་བཙུན་ནི་རང་རིགས་ཀྱི་རིག་གནས་དེ་རྐང་རྟེན་འབའ་ཞིག་ཏུ་འཆང་བ་ལས་དེ་ལ་དོ་བདག་གསར་སྣོན་གྱི་འགན་ཁུར་ཅི་ཡང་མེད་པར་ཁོང་ཚོའི་དམིགས་གཏད་ཀྱི་དགོངས་པ་གང་དང་བསམ་བློའི་རྒྱབ་རྩ་གང་གི་ཆེད་དུ་འདུར་རྒྱུག་ལ་བྲེལ་ཡང་།སྔར་བཞིན་གོམ་བགྲོད་ཀྱི་རྐང་པ་སྤོ་ས་རིག་གནས་འདི་ལས་འདའ་མེད་པས་བསམ་སྦྱོར་དབར་གྱི་འགལ་བ་རི་ཙམ་དེ་ཐག་གཅོད་བྱེད་ཐུབ་མེད་པ་བསྟན་ཡོད།དེ་བས། འདི་གཉིས་ནི་རང་རིགས་དང་རང་རིགས་ཀྱི་རིག་གནས་ལ་ཇི་ལྟར་དགའ་ཚུལ་དུངས་ཚུལ་བརྗོད་ཀྱང་དེ་ནི་ཚོར་ཤེས་ཙམ་ལས་དཔྱོད་ཤེས་ཀྱིས་ཟིན་མེད་པ་དང་།གལ་ཏེ་རང་རིགས་འདི་ཕམ་ན་ཡང་གཞན་མ་ཡིན་པར་དཔྱོད་ཤེས་བྲལ་བའི་དུངས་ཞེན་འདི་ཁོ་ནའོ།།རྒྱུ་མཚན། མི་རིགས་ཤིག་དང་དེའི་གདགས་གཞི་རུ་གྲུབ་པའི་རིག་གནས་གང་དེ་མདུན་སྐྱོད་བྱ་དགོས་ན་ཐོག་མར་དོ་བདག་གང་དེའི་འདུ་ཤེས་བསྒྱུར་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པ་རེད།ཡང་ན་གལ་ལ་འཕྲད་དུས་འདུ་ཤེས་སྐྱོ་བོ་འདིས་གཞན་འགོག་རང་སྲུང་གི་ནུས་པ་མི་ཐོན་པར་བག་འཁུམ་དཔའ་བཀོང་གི་སྡར་གཤིས་མངོན་པས་ཀྱང་རེད།འདི་གཉིས་དང་བསྡུར་ན་ང་རང་ནི་ཕྱོགས་རིས་དང་བྲལ་ཞིང་བསམ་བློ་བཏང་བ་ཡང་ཅུང་ཡོངས་ཁྱབ་ཡིན་པས།གྲུབ་མཐའ་དང་ཆོས་ལུགས་གང་གི་དབང་དུའང་གྱུར་མེད་པར་ཐོག་མཐའ་བར་གསུམ་དུ་རང་རིགས་དང་རིག་གནས་ཀྱི་ལས་དབང་ལ་བློ་ཕྱོགས་དགོངས་གཏོད་གནང་མཁན་ཡིན་པ་ནི།ཚིག་རིས་སུ་གསལ་བའི་དུངས་ཞེན་གྱི་བརྗོད་ཚིག་གིས་གསལ་ལེར་མངོན་ཡོད་ལ།རྩོམ་ཆོས་ཀྱི་གཏིང་རིམ་ན་སྦས་ཡོད་པའི་རིགས་ཞེན་གྱི་རིགས་ལམ་སྲིད་མཐར་རིང་བ་དེས་ཀྱང་མངོན་འདུག    

དེ་བས།མཐོང་སྣེ་ང་ནི་ད་གཟོད་དཔྱོད་ཤེས་དང་ཚོར་ཤེས་ཟུང་ལྡན་གྱི་བློ་མིག་ཡོད་མཁན་དང་།དཔྱོད་ཤེས་ཀྱི་གསེར་སྡོང་ལ་ཚོར་ཤེས་ཀྱི་གཡུ་ལོ་ཚང་ཚིང་དུ་རྒྱས་པ་ནི་མ་བཅོས་ལྷུན་གྱིས་གྲུབ་འདུག་ཕྱིར།རིགས་ཀྱི་བདེ་སྡུག་གི་ཆེད་དུ་རང་གི་ཡོད་ཚད་བློས་གཏོང་ཐུབ་པའི་ཆེ་བྲིས་ཀྱི་ང་ཉིད་བླར་འཕགས་ཀྱིས་བཞེངས་སྐྲུན་བྱས་ཡོད་པ་རེད།དེ་བཞིན།ང་ཚོ་ཡང་ཁོང་གི་རྩོམ་ཆོས་ལ་ཧ་ཅང་དགའ་རྐྱེན་ཡང་རིགས་ཀྱི་དུངས་ཞེན་དེ་སོ་སོའི་བག་ཉལ་གྱི་འདུ་ཤེས་ངོར་མེ་རི་བཞིན་གབ་ཡོད་པས་རེད།ལྡོག་སྟེ་རྩོམ་ཆོས་འདི་ནི་མཁས་དབང་ཁོང་མི་སྒེར་གྱི་སེམས་ཁམས་ཏེ་དཔྱོད་ཤེས་དང་ཚོར་ཤེས་ཡོངས་སུ་བཅོམ་རྗེས་རིགས་ལ་དཔྱོད་ཤེས་དང་ཚོར་ཤེས་བཀོལ་ནས་རང་བཅོམ་རིགས་སྐྱོང་གི་འདུ་ཤེས་བཙན་པོ་དེ་ཡིན་པ་མཁྱེན་གྱིན་མི་འདུག་པས།ཁོ་བོས་ནི་འདི་ལས་རྩོམ་པ་པོའི་སྒེར་གཞུང་དབར་གྱི་འགལ་བ་ཐག་གཅོད་སྐབས་ཀྱི་སེམས་ཀྱི་འཕག་འཚག་རིང་མོ་རྟོགས་ཐུབ་པར་འདོད།འདི་ནི་ཅུང་གོ་དཀའ་བ་ཞིག་གི་ངོ་བོར་འཕོས་རུང་། འདི་ལྟར་གསལ་ཁ་ཡོད་དེ།བལྟ་ཡུལ་རིག་གནས་ལ་ཚབ་མཚོན་མི་འདྲ་བ་གསུམ་གྱི་མཐོང་སྣེ་ཡོད་པར།ངའི་མཐོང་སྣེ་ནི་ཅུང་མཐོ་ས་ན་ཡོད་དེ། ངས་བལྟ་ཡུལ་ནི་རིག་གནས་ཁོ་ན་མ་ཡིན་པར་ད་དུང་ལྟ་མཁན་གཞན་གཉིས་ལ་ཡང་བལྟས་ཡོད་པ་རེད།འདི་གཉིས་ཀྱི་བལྟ་སྟངས་ལ་ངས་འཕྲོས་བརྗོད་སྤེལ་ཡོད་པས་མཚོན།མ་ཟད་ངས་ནི་བརྗོད་པ་དང་པོའི་ང་ལའང་བལྟས་ཡོད་པ་རེད།དེ་བས་ངས་ནི་ཚང་མ་རིག་ཅིང་རྟོགས་ཡོད་པས་ཆེ་བྲིས་ཀྱི་མིའི་ངང་ཚུལ་དེ་མ་བཅངས་རང་འཆང་དུ་གྱུར་ཡོད་ལ།ང་ནི་གོང་མ་བླ་མ་ལྟ་བུའི་ཚུལ་དུའང་གྱུར་ཡོད་པ་རེད།འདི་ལྟར་རིགས་འདེད་བྱས་ཚེ་མཐའ་མཇུག་གི་རྩོམ་པ་པོའི་གདམ་ག་དེ་མི་འོངས་རང་སླེབས་སུ་གྱུར་ཡོད།དེ་ནི་རང་མི་སྒེར་གྱི་དཔྱོད་ཤེས་ལས་བསྐྱེད་པ་མ་ཡིན་པར་ཁོར་ཡུག་དང་རིག་གནས་ལས་བསྐྱེད་པའི་ཐུན་མོང་འདུ་ཤེས་བཙན་པོ་དེའི་དབང་དུ་སོང་པས་རེད།རེད་དེ།ལྷུག་རྩོམ་འདི་ཁ་བྱང་ནས་མགོ་མཇུག་བར་གསུམ་གྱི་རྩོམ་ཉམས་ཧྲིལ་བོའི་ཆ་ནས་གཞིགས་ཚེ།ཆེས་མཐའ་མཇུག་གི་གདམ་གའི་ཚན་པ་དེ་ནི་ལྷག་མ་ཞིག་རེད་འདོད། ལྡོག་སྟེ།མཐོང་སྣེ་གཞན་པ་གཉིས་ཀྱིས་ཀྱང་བརྗོད་པ་དང་པོ་ང་ནང་བཞིན་ང་ལའང་མིག་ཟུང་ཕྱོགས་ནས། ཁོང་ཚོས་རིག་གནས་གཅིག་པུ་མ་ཡིན་པར་ཁོང་ཚོ་ཕན་ཚུན་གཅིག་གིས་གཅིག་ལའང་འཕྲོས་བཤད་སྤེལ་ནས།ཕན་ཚུན་མིག་འཕེན་དང་ཕན་ཚུན་ལྟ་རྟོག་གི་ངང་ནས་མཇུག་བསྡུས་ཡོད་ཚེ།ལྷུག་རྩོམ་གྱི་ཆེས་འབུར་ཐོན་ཡིན་པའི་གབ་སྦེད་རང་བཞིན་བཅོས་མིན་དུ་ཡོད་ལ།ཀློག་པ་པོ་ཚོར་ཡང་བསམ་ཡན་དང་བློས་བསླང་གི་བར་སྟོང་རྒྱ་ཆེན་པོ་ཞིག་སྦྱིན་ཡོད་པས་སྒྱུ་རྩལ་གྱི་མཛེས་སྡུག་བསླུ་བྲིད་ངང་གིས་ཐོན་ཡོད།མིན་པར།འདི་ལྟར་གསལ་ཁ་བྱས་ཚེ་རྩོམ་པ་པོ་དང་ཀློག་པ་པོ་ཚང་མ་ཡུལ་སྲོལ་གོམས་གཤིས་ཀྱི་ཀུན་སྤྱོད་བསམ་བློའི་དབང་དུ་གྱུར་ནས་རྩོམ་ཆོས་ལ་བལྟས་ཡོད་པའི་འབྲས་བུ་བྱུང་བ་རེད།འདི་ནི་མ་གཞིར་སྒྱུ་རྩལ་རྩོམ་རིག་ལ་ཀུན་སྤྱོད་དང་ཆབ་སྲིད་ལྟ་བས་ཚད་འཇལ་བྱ་སྲིད་པའི་མཐོང་སྣེ་མིག་ཞར་ཅན་བྱུང་དང་འབྱུང་བཞིན་ཡོད་པའི་རྒྱུ་རེད།

ལྔ། ཁེར་ཚུགས་ཀྱི་སྲོལ་རྒྱུན་དགོངས་ཚུལ།

རྩོམ་ཆོས་རྐང་ལམ་ཕྲ་མོའི་དཔྱད་པ་གང་ཞིག་ཡིན་རུང་།དེ་རུ་མངོན་པའི་རྩོམ་པ་པོའི་སྲོལ་རྒྱུན་གྱི་དགོངས་ཚུལ་ལ་གང་གིས་ཀྱང་དོ་གཟབ་བྱས་མི་འདུགརིག་གནས་རིག་པ་ལྟར་ན། རིག་གནས་ཀྱི་རིགས་དབྱེ་ལ་བསམ་པའི་རིག་གནས་དང་ལམ་ལུགས་རིག་གནས་དང་དངོས་པོའི་རིག་གནས་ཞེས་གསུམ་དུ་དབྱེ་བ་རེད།འདི་ལྟར་རྩོམ་ཆོས་ལ་དཔྱད་ན། རྒན་རྒོན་ཚོ་ནི་ཡུལ་སྲོལ་གོམས་གཤིས་ཀྱི་ཟླས་དྲངས་པའི་ལམ་ལུགས་རིག་གནས་ཀྱི་ཁོངས་སུ་བསྡུ་ཆོག་ལ།བླ་བཙུན་གཉིས་ནི་ཆོས་ལུགས་དད་པའི་ཟླས་དྲངས་པའི་བསམ་པའི་རིག་གནས་ཀྱི་ཁོངས་སུ་བསྡུ་ཆོག་པ་རེད།འདི་ནི་བོད་རང་གིས་རང་རིགས་ཀྱི་རིག་གནས་སྲོག་ཤིང་ལ་མིག་དབང་ཕྱོགས་དུས་གཞན་ལ་སྤྲོ་ཚུལ་ཏེ།བོད་ཀྱི་རིག་གནས་ནི་ནང་སེམས་ཀྱི་བདེ་སྡུག་གཙོར་འཛིན་པའི་རིག་གནས་ཤིག་ཡིན་ཞེས་ལབ་སྟངས་དང་ཁ་འཕྲོད་དུ་སྣང་།རེད་དེ།རིག་གནས་རང་སྟེང་ན་ཡང་ཕྱི་རིམ་ནང་རིམ་བར་རིམ་ཞེས་གསུམ་དུ་གྲུབ་པར་དགོངས་པ་ལ་གཞི་བཅོལ་ན།བརྩམས་ཆོས་སུ་སྣང་བའི་སྲོལ་རྒྱུན་ལ་རིགས་མི་འདྲ་བ་གཉིས་གྲུབ་ཡོད་དེ།རྒན་རྒོན་དང་བླ་བཙུན་ཚོའི་མཐོང་སྣེ་ཁྲོད་སྲུང་འཛིན་བྱས་ཡོད་པའི་སྲོལ་རྒྱུན་རིག་གནས་ཞེས་པ་ནི་གོམས་སྲོལ་ཙམ་དང་བག་ཆགས་ཙམ།འདུ་ཤེས་ཙམ་གྱི་རང་རིགས་རང་ངོ་ལ་བལྟས་ཡོད་པ་ལས་གཞན་རིགས་གཞན་ངོར་བསྡུར་བ་ཅི་ཡང་བྲལ་བས་ཕྱི་རིམ་ཕྱི་ཤུན་གྱི་ངོ་ན་གནས།བརྗོད་པ་དང་པོ་ངའི་མཐོང་སྣེ་རུ་མངོན་པའི་སྲོལ་རྒྱུན་རིག་གནས་ནི་གཞན་རིགས་གཞན་ངོར་འགྲན་པའི་དོ་ཟླར་འོས་པའི་ཡབ་མེས་ཚོའི་མཁས་མཛངས་ཀྱི་བློ་གྲོས་དང་གསར་གཏོད་ཀྱི་སྙིང་སྟོབས་དེ་ཡིན་པ་རེད།འདི་ནི་རང་རིགས་གཞན་རིགས་གཉིས་ཀར་བལྟོས་ནས་དགོངས་པའི་སྲོལ་རྒྱུན་རིག་གནས་ཀྱི་ནང་རིམ་ན་སྦེད་ཡོད་པའི་སྲོལ་རྒྱུན་དེ་རེད།རྩོམ་པ་པོས་འདི་རྒྱུན་འཛིན་ཡང་དག་བྱེད་དགོས་པར་བསྟན་ཞིང་།གལ་ཏེ་འདི་ལ་སློབ་སྦྱོང་དང་ངོས་འཛིན་ལག་ལེན་བྱེད་ཐུབ་ཚེ་ང་ཚོ་འཛམ་གླིང་གི་ཡང་རྩེ་ནས་ཁེར་ཚུགས་ཀྱིས་འགྲེང་ཐུབ་པར་བསྟན་ཡོད།འདི་ནི་གཞན་རིགས་ལ་ངོ་གནོང་མི་དགོས་པའི་ང་ཚོའི་ཡབ་མེས་ཀྱིས་ང་ཚོ་རྗེས་རབས་པར་སྦྱིན་པའི་སྲོལ་རྒྱུན་ཡར་འགྲོ་ཅན་ཡིན་པར་གཅིག་མིན་གཉིས་མིན་དུ་ཡང་ཡང་བརྡོལ་ཡོད་པ་རེད།མིན་ན། ང་ཚོའི་ཀློག་གོམས་ཀྱི་མྱོང་རོལ་ལྟར། རྩོམ་ཆོས་སུ་གསལ་བའི་རྩོམ་པ་པོའི་མཐའ་མའི་གདམ་གའི་དབང་གིས་ཁོང་ནི་གཞུང་ལམ་གྱིས་མཚོན་པའི་དེང་རབས་རིག་གནས་ལ་དགའ་མཁན་དང་རྐང་ལམ་གྱིས་མཚོན་པའི་སྲོལ་རྒྱུན་རིག་གནས་ལ་མི་དགའ་མཁན་ཞིག་ཏུ་བཞེངས་ཡོད་པའི་ཚོར་སྣང་ཆེ།ཡང་དེ་ལྟར་གསར་བ་གསར་རྐྱང་ལ་དགའ་ཡི་འདུག་པ་ལས་སྲོལ་རྒྱུན་ལ་དགའ་ཡི་མི་འདུག་ཅེས་ངག་ནས་མ་ཐལ་བ་མ་གཏོགས་སེམས་སུ་དེ་ལྟར་བསམ་ཡོད་པའི་ཚོར་འདུ་ཡང་ཟ་དང་ཟུར་ནས་འཕྱུར་ཡོད་སྙམ།རེད་དེ། དེ་ལྟར་མ་བརྡོལ་བ་ནི་རྩོམ་པ་པོས་རིགས་ཀྱི་བདེ་སྡུག་བསམ་ནས་ཕྱག་རྩལ་ངོམ་ཡོད་པ་ལ་ཐུག་ཀྱང་སྙམ།གང་ལྟར། རྩོམ་ཆོས་འདི་རུ་རྩོམ་པ་པོས་སྲོལ་རྒྱུན་ཞེས་པ་ལ་ཐུན་མོང་དང་མི་འདྲ་བའི་སྤྱན་ཟུང་ཡན་གར་བ་གིས་གཟིགས་ཕྱོགས་མཛད་ཡོད་པ་ནི།ཡབ་མེས་དམ་པ་ཚོའི་མཁས་མཛངས་ཀྱི་བློ་གྲོས་དང་གསར་གཏོད་ཀྱི་སྙིང་སྟོབས་ཁོ་ནའོ།། འདི་འདྲའི་དགོངས་ཚུལ་ཡན་གར་བ་སྔོན་དུ་སོང་བས་ཁོང་གིས་གཞུང་ལམ་བདམས་རྐྱེན་ཡང་ཡབ་མེས་ལ་ཡིད་སྨོན་བསྔགས་བརྗོད་ཀྱི་ཕྱིར་རྟོག་དང་མ་འོངས་ལ་འཚོལ་སྙེག་སྔོན་དཔག་གི་དཔྱོད་ཤེས་བྱས་པ་ལས་འཐོབ་པའི་གདམ་གསེས་ཡིན་པ་ལས་ཨ་འདྲོག་བྱ་འདྲོག་གི་རིག་གནས་གསར་བའི་རྗེས་སུ་འབྲངས་པ་ནི་གཏན་ནས་མ་ཡིན་ནོ།།

 

                                                                                                                          ང་ལམ་བར་ན་ཡོད།

                                                                                                  པདྨ་གར་དབང་།


                                                                                    ང་རང་ལམ་བར་ན་ཡོད

                                                                                    ཡུལ་ལ་འགྲོ་བའི་ལམ་ན་ཡོད


                                                                                    ནམ་མཁའ་ན་བྱེའུ་འཕུར་ལྡིང་བྱེད

                                                                                    གློ་རྡེག་ཏུ

                                                                                    འདི་དག་ལ་རང་དབང་ཨེ་ཡོད་སྙམ་བྱུང

 

                                                                                    ང་ལམ་བར་ན་ཡོད

                                                                                    རྨི་ལམ་དང་དངོས་ཡོད་ཀྱི་ཧེ་བག་ན་ཡོད

 

                                                                                    ང་ལམ་བར་ན་ཡོད

                                                                                    ཕ་ཡུལ་དང་མེས་རྒྱལ་གྱི་བར་ན་ཡོད    

 

                                                            【ཕྲན་དཔྱད།

                                                        ལམ་གྱི་བར་ཐག  ཡིད་ཀྱི་ཁ་ཞེང་།

                                                                                                    སྙན་ངགང་ལམ་བར་ན་ཡོདལ་དཔྱད་པ།

                                                                                                                                  ལྗོངས་ཆབ་པ།

    སྙན་ངག་ནི་ལམ་ལ་ཆས་དུས་འཛུམ་མདངས་ཀྱི་དཀྱིལ་འཁོར་ལས་འཕྱུར་བའི་ཡིད་ཆེས་ཀྱི་འོད་མདངས་གསལ་ཀྱིག་པ་དེ་ཡིན་ནམ། སྙན་ངག་ནི་བདེན་པའི་རི་ཆུ་གྲངས་མེད་བརྒལ་དུས་ཡིད་ཀྱི་ཁ་ཞེང་ལ་བསྟབས་པའི་རེ་བའི་འོད་ཟེར་སྣ་ཚོགས་པ་དེ་ཡིན་ནམ།  སྙན་ངག་ནི་དྲོད་དང་བརླན་གྱིས་བསྐྱེད་པའི་མཛེས་སྡུག་གི་འཇའ་ཚོན་གུག་ཅིང་འཁྱོག་པ་དེ་ཡིན་ནམ།

—སྔོན་འགྲོ།

 

  སྙན་ངག་འདི་ལ་དུས་ཀྱི་བར་སྟོང་བཀྲམས་ཡག་པའི་སྣང་བ་སྟེར།དུས་ཀྱི་བར་སྟོང་དེ་འདིར་འགྲོ་བཞིན་པའི་ད་ལྟའི་ངོས་སུ་བཤམས་ཡོད་པ་དེ་ལ་ཟེར་ཆོགའགུལ་བཅོས་ཀྱི་རྒྱུན་ཐག་ཕྲ་མོ་དེ་སྙན་ངག་སྤྱིའི་དཀྱིལ་གཞུང་གི་སྒལ་ཚིགས་དང་ཕྱིའི་མཛེས་པ་མ་ལུས་འདེགས་བྱེད་ཀྱི་ཀ་བ་སྦོམ་པོར་ཆགས་ཡོད་སྙམ།གདམ་ངའི་ཁྲོད་དུ་བཞག་པའི་སྣེ་མཐའ་གཉིས་ལས་ལོག་ཆོག་པའི་སྣེ་མོ་ཕ་ཡུལ་ལམ་རང་ཁྱིམ་དུ་བཏབ་པས།སྣེ་འདི་ལས་སྙན་ངག་གི་བརྩེ་བ་དྭངས་མོ་འཁྲིགས་པར་བྱེད་ཐུབ་ཡོད་པས།སྙན་ངག་ལ་དྲོད་ཁོལ་དང་འོད་སྣང་མཉམ་དུ་བསྲེས་ཐུབ་ཡོད་པའི་ཚོར་བའི་མཁའ་དབུགས་ཡངས་ཤིང་ཆེ་བའི་ཁྱད་ཆོས་མྱོང་ཐུབ་པ་ཡིན།གྲལ་དག་སྟབས་བདེ་རུ་ཡོད་པ་ནི་སྙན་ངག་གི་ཚིག་སྦྱོར་སྤྲས་སྟངས་བབ་ཆགས་པ་ལས་གཞན་སྙན་ངག་པའི་སེམས་ཁམས་ལྷོད་ཆགས་པའི་ཁོར་ཡུག་གི་རྣམ་པ་ཅུང་ཟད་འདྲེས་ཡོད་པའང་ཞོར་ལ་མྱོང་ཐུབ་པས།སྙན་ངག་པའི་བསམ་ཡན་དང་འཆར་སྒོའི་བང་རིམ་མཐོ་ས་ཞིག་ཏུ་གཏད་ཐུབ་མེད་པ་ཁད་ཀྱིས་མཐོང་སླ།དེ་ལྟ་ནའང་།སྙན་ངག་རང་གི་ཁ་དོག་དང་དབྱིབས་རིས་འོས་འཚམ་ལས་བསྡོངས་པའི་ཐ་སྙད་དང་ཚིག་རིས་ཀྱང་དེ་འཚམ་གྱིས་བབ་ཆགས་སུ་བསླངས་ཡོད།ལུས་ལ་རན་པའི་གོས་དང་མགོ་ལ་རན་པའི་ཞྭ་མོ་བཞིན་སྙན་ངག་གི་བསམ་བློའི་བོངས་དང་མཚོན་ཐབས་ཀྱི་ཞེང་གཉིས་ཁ་འཕྲོད་ཀྱིས་གདབ་ཐུབ་ཡོད་པ་དེ་རྒྱལ་ཁ་ཡིན་ཞེས་བཤད་ཆོག

  ཡུལ་ལ་འགྲོ་བའི་ལམ་ན་ཡོད་ཅེས་འགུལ་བཅོས་ཀྱི་རྒྱུན་ཐག་ཕྲ་མོ་འདི་ལ་གསོན་ཤུགས་དང་རམ་འདེགས་དཀྲོལ་བྱེད་ནི་ནམ་མཁའ་ན་འཕུར་ལྡིང་བྱེད་པའི་བྱེད་པའི་བྱེའུ་ཞིག་ཡིན།ཡིད་བརྙན་ཆུང་ངུ་དེ་ནི་སྙན་ངག་པའི་འཆར་ཡན་གྱི་སྒོ་གླེགས་ཕྲ་མོ་ཕྱེས་པའི་ཕྱི་རྐྱེན་དག་རང་སེམས་མཁའ་དབྱིངས་ཀྱི་ཁེར་རྐྱང་དཀྲོགས་པའི་ནང་རྐྱེན་ལྟ་བུར་ཆགས་ཡོད།རྐྱེན་གཉིས་ཀྱི་འབྲས་བུ་འདི་སྣེ་གཉིས་ལ་བཏབ་པའི་སྙན་ངག་གི་གདམ་ངའི་ས་བོན་ཆགས་སར་འཁེལ་ཡོད་པ་ལྷག་ཏུ་ཡག་སྙམ་བྱུང་།གཞན་རྐྱེན་འདི་གཉིས་ལས་སྙན་ངག་པས་རང་དབང་ལ་བསམ་བློ་གཏོང་ཐུབ་སོང་།བྱེའུ་ཆུང་གི་འཕུར་ལྡིང་དང་སྙིང་ཆུང་གི་འཕར་ལྡིང་།འདི་དག་ནི་བསམ་བློའི་མེ་སྟག་མཆེད་སའི་རྒྱུ་དང་རྐྱེན་ཡིན་པས།སྙན་ངག་གི་བསམ་བློའི་བང་རིམ་ཡང་ནམ་མཁའ་བཞིན་ཡངས་པོར་བཏབ་ཅིང་སྙན་ངག་པའི་ཁེར་རྐྱང་བྱེའུ་ཆུང་བཞིན་གསལ་རྗེན་དུ་བཏབ་ཡོད།དུས་ཡུན་སྐད་ཅིག་མ་དེ་དངོས་ནས་མེ་སྟག་ཅིག་དང་འདྲ།དུས་ཡུན་སྐད་ཅིག་མ་དེས་མཛེས་པ་བཀྲལ་ཐུབ་ཡོད།གནད་འདི་སྙན་ངག་པའི་ཚོར་བས་ཟིན་པའི་ཐུན་མིན་གྱི་མཛེས་པ་ཡིན།སྙན་ངག་འདིའི་སྤྱིའི་ཁ་དོག་དང་འོད་ཟེར་ལྟ་བུ་ཡིན།

  སྙན་ངག་འདིའི་གཞུང་ཤིང་སྣེ་གཉིས་ལ་སྤྲད་ཡོད་པ་སྔོན་ནས་བཤད་ཟིན་པ་བཞིན།སྙན་ངག་པས། “ང་ལམ་བར་ན་ཡོད།རྨི་ལམ་དང་དངོས་ཡོད་ཀྱི་ཧེ་བག་ན་ཡོད། ”ཅེས་སྣེ་མཐའ་གཉིས་ལ་རྨི་ལམ་དང་དངོས་ཡོད་བཏེགས་ཤིང་།དེ་གཉིས་གའི་ཧེ་བག་གིས་སྙན་ངག་པ་འཚོ་གནས་གར་སྟེགས་སུ་འདུར་དགོས་པའི་མི་ཚེའི་དཀའ་ཚེགས་ཀྱི་གཏན་ཚུགས་ཕུགས་སུ་བཏབ་ཡོད་པའང་ཞོར་ལ་རྟོགས་དགོས་པའི་གབ་སྦས་ཀྱི་མཛེས་པ་ཡིན། 

   སྙན་ངག་འདི་དུས་ཀྱི་བར་ཐག་གི་ཁྲོད་ནས་མགོ་བརྩམས་ཤིང་ཡུལ་གྱི་བར་ཐག་གི་ཁྲོད་ནས་མཇུག་བསྡུས་ཡོད་དེ།“ང་རང་ལམ་བར་ན་ཡོད།ཕ་ཡུལ་དང་མེས་རྒྱལ་གྱི་བར་ན་ཡོད།” ཅེས་སྙན་ངག་མཇུག་བསྡུས་ཡོད།དེ་བས་སྙན་ངག་འདི་དུས་དང་ཡུལ་གྱི་བང་རིམ་མཐོ་ཤོས་སུ་བཏབ་སྟེ།བསམ་བློའི་འོད་སྣང་འཕྲོས་ཡག་པའི་ཁ་རྒྱན་སྤྲས་ཡག་པས།སྙན་ངག་པའི་སེམས་ཤུགས་ཀྱི་འཕར་ལྡིང་གོང་དུ་གཏད་ཅིང་རྒྱང་ལ་ཕྱོགས་ཡོད་པ་ངང་གིས་མྱོང་ཐུབ།དེ་ལྟར། ཚིག་རྐང་ཉུང་ངུ་ལས་མེད་པའི་སྙན་ངག་འདི་ལ་ཡུལ་དུས་ཉིས་ཆར་ནས་མཛེས་པ་བསྔོག་རྒྱུ་འདུག་པས།སྙན་ངག་གི་ཆགས་སྡང་། སེམས་ཁོང་གི་གསལ་སྒྲིབ། ཕྱི་རྐྱེན་དང་ནང་རྐྱེན།ཡུལ་དུས་ཀྱི་སྣེ་གཉིས་སོགས་ལྷུ་འགྲིག་ལྷོད་ཆགས་དང་བསྟན་དོན་དམ་ཚགས་ཀྱིས་བསྟར་བས་སྙན་ངག་གི་གོང་བུ་འགྲིལ་ཡག་པའི་ཁྱད་ཆོས་མངོན་པར་གསལ།

 

    སྙན་ངག་ནི་ཆགས་སྡང་དང་ཚོར་བ་ལྷན་དུ་བཏབ་པའི་ཐ་སྙད་ཀྱི་རི་མོ་དེ་དག་ཡིན་ལ་དེ་དག་ཀྱང་མ་ཡིན།  སྙན་ངག་ནི་ཡིད་དང་ངག་གི་དྭངས་གཙང་ལ་གཅུད་པའི་སྙན་འཇེབས་ཀྱི་འགྱུར་ཁུགས་དེ་ཡིན་ལ་དེའང་མ་ཡིན།  སྙན་ངག་ནི་ཡུལ་དང་དུས་ཀྱིས་བསྐྱེད་པའི་མཛེས་པ་མཐའ་ཡས་པ་དེ་ཡིན་ལ་དེ་ཡང་མ་ཡིན།  སྙན་ངག་ནི་ཕྱི་ཡི་འོད་སྣང་དང་ནང་གི་དྲོད་ཁོལ་དེའོ།

—མཇུག་བྱང་།

















】【打印繁体】【关闭
分享到QQ空间
分享到: 

Copyright©2019 Inc. All Rights Reserved. 西北民族大学 版权所有 办公室电话:0931-2938178 地址:甘肃省兰州市西北新村1号